བོད་རྒྱལ་དགོས་ལ་རྒྱ་ཕམ་དགོས།
བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༨༤༦ ཕྱི་ལོ་ ༢༠༢༡/༣/༢༤
ཉེ་ཆར་གྲོས་ཚོགས་ནང་བོད་རྒྱལ་ལོ་ཞེས་བརྗོད་ན། བོད་རྒྱལ་དགོས་པ་དང་། རྒྱ་ཕམ་དགོས་པའི་བསམ་བློ་ཞིག་མིན་ནམ། དེ་ལྟ་བུ་བརྗོད་ཡོང་དུས་ལམ་དབུ་མའི་སྲིད་བྱུས་དང་འགལ་སོང་བ་མིན་ནམ་ཟེར་བ་སོགས་དོགས་སློང་ཆེན་པོ་བྱུང་བ་དང་འབྲེལ། གྲོས་ཚོགས་ནང་དང་སྤྱི་ཚོགས་དྲ་ལམ་ཁག་ནས་དེ་ལ་མི་འདོད་པའི་རྣམ་འགྱུར་སྟོན་མཁན་མང་པོ་ཞིག་བྱུང་སོང་། གནད་དོན་དེའི་ཐོག་ནས་བསམ་བློ་བཏང་ན་ཕྱི་ལོ་༢༠༠༢ ཙམ་ནས་བཟུང་། རིམ་པས་བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་བོད་རྒྱ་ཞི་མོལ་གྱི་ཁོར་ཡུག་བསྐྲུན་པའི་སྲིད་བྱུས་སོགས་མང་དག་ཅིག་སྤེལ་ནས། ད་ལྟའི་ཆར་མཐོ་དམན་བར་གསུམ་གྱི་སྤྱི་ཚོགས་ནང་འདི་ལྟ་བུའི་བསམ་བློ་ཤུགས་ཆེན་པོ་ཞིག་བསྐྲུན་ཐུབ་ཡོད། གནས་སྟངས་འདིར་བཟང་ཕྱོགས་ཀྱི་ཆ་ནས་བསམ་བློ་གཏོང་དགོས་མིན་དང་། ངན་ཕྱོགས་ཀྱི་ཆ་ནས་བསམ་བློ་གཏོང་དགོས་མིན་ནི་ཚང་མས་དོ་སྣང་གནང་དགོས་པ་ཞིག་རེད། ད་ལྟའི་ཆར་བཙན་བྱོལ་བོད་པའི་གཞི་རིམ་སློབ་གྲྭ་ཁག་ཏུ་རྒྱལ་ཞེན་གྱི་བསམ་བློ་སླེབས་ཐུབ་པའི་སློབ་གསོ་ཤུགས་ཆེན་པོ་ཞིག་ཕལ་ཆེར་མེད་པ་ལྟ་བུར་གྱུར་ཟིན།
ཕྱི་ལོ་༡༩༥༩ ལོའི་སྔོན་ལ་བོད་དུ་སྐྱེས་ཤིང་བཙན་བྱོལ་དུ་འབྱོར་བའི་མི་རབས་རྒན་པའི་ནང་དུ་འདི་ལྟ་བུའི་བསམ་བློ་ཞིག་སླེབས་ཚར་དུས། ན་གཞོན་རྒྱལ་ཞེན་གྱི་བསམ་བློའི་སློབ་གསོ་མ་རག་པའི་བུ་ཕྲུག་རྣམས་ལ་མཚོན་ན། སྤྱི་ཚོགས་ཀྱི་སློབ་གསོའི་ཁོར་ཡུག་དང་། འཚར་ལོང་གི་བརྒྱུད་རིམ་སོགས་གང་ཐད་ནས་མ་འོངས་པར་བོད་རང་བཙན་སླར་གསོ་དགོས་པའི་བསམ་ཚུལ་འཛིན་མཁན་ཞིག་འཚར་ལོང་ཡོང་རྒྱུ་ཧ་ཅང་ཁག་པོ་ཡིན་པ་མ་ཟད། བོད་རྒྱལ་ལོ་ཙམ་ཡང་མི་ལབ་མཁན་གྱི་མི་རབས་ཤིག་ཡོང་ངེས་རེད། དེང་དུས་མར་མེའི་ཁྲོམ་སྐོར་ཙམ་གྱི་སྐབས་སུའང་མི་མང་ཡོང་མཁན་ཉུང་དུ་འགྲོ་བཞིན་ཡོད་ལ། བྱང་ཆུབ་སེམས་མཆོག་མའི་དབྱངས་རྟ་དེ་ཡང་ཆོས་མིན་སྲིད་མིན་གྱི་བར་དོ་ཞིག་ན་རིན་ཐང་ཆེན་པོ་གང་ཡང་མེད་པ་ལྟ་བུར་འགྱུར་བཞིན་ཡོད། སྤྱིར་བྱང་ཆུབ་སེམས་མཆོག་རིན་པོ་ཆེ།། མ་སྐྱེས་པ་སྐྱེ་གྱུར་ཅིག།། ཅེས་པ་འདི་ནི་ཐེག་པ་ཆེན་པོའི་སེམས་བསྐྱེད་ཀྱི་སྨོན་ལམ་གལ་ཆེ་ཤོས་ཤིག་ཡིན་ནའང་། སྲིད་དོན་འཐབ་རྩོད་ཀྱི་ནང་དུ་ཚིག་འདི་རིགས་ཀྱིས་ཕན་ཐོགས་གང་ཡང་མེད།
བྱང་ཆུབ་ཀྱི་སེམས་རྒྱུད་ལ་སྐྱེ་ཆེད་རྒྱ་གཞུང་ལ་ངོ་རྒོལ་བྱེད་དགོས་དོན་གཏན་ནས་མེད་པ་དང་། བོད་རྒྱལ་རྒྱ་ཕམ་གྱི་བསམ་བློ་གཏན་ནས་མེད་ན། རྗེ་བཙུན་མི་ལ་ལྟ་བུ་དབེན་པའི་རི་ལ་སྒྲུབ་པའི་རྒྱལ་མཚན་བཙུགས་ནས་སྡོད་རྒྱུ་ལས་བསམ་བློ་གཞན་གཏོང་དགོས་དོན་མེད། དོན་དངོས་སུ་དམ་པའི་ལྷ་ཆོས་ཉམས་ལེན་གྱི་ཕྱོགས་ནས་ལྟ་བཟོ་གང་ཡང་མེད་པ་དང་། རྩ་དོན་འཐབ་རྩོད་ཀྱི་ཐོག་ནས་བཙན་བྱོལ་བོད་པའི་སྤྱི་ཚོགས་སུ་བསམ་བློ་འདི་ལྟ་བུ་ཞིག་ཁྱབ་ཟིན་པ་ནི། ཧ་ཅང་གི་ཉེན་ཁ་ཞིག་དང་། མ་འོངས་པར་བཙན་བྱོལ་བོད་པའི་སྤྱི་ཚོགས་སུ་ཆབ་སྲིད་ཀྱི་ཐོག་ནས་རེ་བ་གང་ཡང་མེད་པ་ཞིག་ཏུ་འགྱུར་བཞིན་པ་ལྟ་བུ་རེད། ཆོས་སྒྲུབ་པའི་སྐབས་སུ་ཆབ་སྲིད་ཆགས་སྡང་གི་ལས་མང་པོ་བསྲེ་བ་དང་། ཆབ་སྲིད་ལས་འགུལ་གྱི་ནང་ཆོས་ཀྱི་བྱེད་སྒོ་རྣམས་མཉམ་བསྲེས་བྱས་པ་ནི། ཆོས་མིན་སྲིད་མིན་གྱི་ཕུང་གསུམ་པ་ཞིག་ཏུ་ངོས་འཛིན་བྱེད་ཆོག ཆོས་སྲིད་གཉིས་ཐད་ནས་ཕན་ཚུན་ཤན་ཤུགས་མང་པོ་ཞུགས་ན་ཆོས་ཕྱོགས་ཀྱི་ཉམས་རྟོགས་མི་སྐྱེ་བ་དང་། སྲིད་ཕྱོགས་ནས་ཀྱང་གྲུབ་འབྲས་གང་ཡང་མི་ཐོན་པ་ཞིག་ཏུ་འགྱུར་ངེས་རེད།
མ་འོངས་པར་བཙན་བྱོལ་བོད་མིའི་མི་ཐོག་བརྗེ་རིམ་བཞིན་བོད་ཀྱི་སྐད་ཡིག་རིག་གནས་ཀྱི་ཐོག་ནས་རྒྱུད་འཛིན་མི་ཐུབ་པ་དང་། ཆབ་སྲིད་བསམ་བློའི་ཐོག་ནས་མི་རིགས་ཀྱི་འདུ་ཤེས་དང་། འཐབ་རྩོད་ཀྱི་སེམས་ཤུགས་གང་ཡང་མེད་པ་ཞིག་ཏུ་གྱུར་སོང་ན། སྐབས་དེ་དུས་རྒྱ་བལ་འབྲུག་གསུམ་དང་། འཛམ་གླིང་ཤར་ནུབ་ཀྱི་ཡུལ་གྲུ་ཁག་ཏུ་ཡོད་པའི་བོད་མི་རྣམས་ནི་སྤྱི་ཚོགས་དེའི་ནང་དུ་ཆུ་ལ་ཆུ་བཞག་ལྟ་བུར་ཐིམ་འགྲོ་བ་ལས། རིག་གཞུང་རྒྱུད་འཛིན་སོགས་གང་ཐད་ནས་རེ་ལྟོས་བྱེད་ཡུལ་གང་ཡང་མེད་པ་ཞིག་ཏུ་འགྱུར་ངེས་རེད། སྐབས་དེར་བོད་ནང་གི་གནས་སྟངས་དང་བཙན་བྱོལ་བོད་པའི་སྤྱི་ཚོགས་དབར་འབྲེལ་མེད་ལྟ་བུར་འགྱུར་སྲིད་པ་རེད་ལ། བཙན་བྱོལ་བོད་པའི་སྤྱི་ཚོགས་དང་སྒྲིག་འཛུགས་ཀྱི་གནས་སྟངས་འདི་ཡང་མུ་མཐུད་དུ་གནས་དང་མི་གནས་ཐག་བཅད་ནས་བཤད་ཐུབ་པ་ཞིག་མ་རེད། དེར་བརྟེན་ཕྱོགས་གང་ཐད་ནས་བསམ་བློ་བཏང་ཡང་བོད་མི་རིགས་ཀྱི་འཐབ་རྩོད་དང་། བོད་པའི་བསམ་བློ་འདི་ཉིད་རྒྱུན་གནས་ཡོང་ཐབས་འབོད་ཚིག་གཅིག་ཙམ་ཡིན་ཡང་རྒྱུད་འཛིན་དགོས་པ་དེ་གལ་ཆེན་པོ་རེད།
མདོར་ན་བོད་རྒྱལ་ལོ་ཞེས་ལབ་པ་ཙམ་གྱིས་བོད་རྒྱལ་འགྲོ་བ་ཞིག་མིན་ནའང་། བོད་རྒྱལ་ལོ་ཞེས་ཁ་ནས་ཐོན་ཡོང་བའི་བསམ་བློའི་རྒྱབ་ལྗོངས་དང་ཚོར་བ་དེ་ཧ་ཅང་གལ་ཆེན་པོ་རེད། མི་རིགས་ཀྱི་རྩ་དོན་དང་། རྒྱལ་ཁབ་ཀྱི་བདག་དབང་རྩོད་པའི་སྐབས། སེམས་གཏིང་ནས་མནར་གཅོད་དང་འཁོན་འཛིན་གྱི་ཚོར་བ་དེ་གལ་ཆེན་པོ་ཡིན་པ་དང་། ཚོར་བ་དེ་བརླགས་པའི་ཉིན་མོ་ནས་རྩ་དོན་འཐབ་རྩོད་ཀྱང་བརླགས་སོང་བ་རེད། མཁས་པ་དང་ཞིབ་འཇུག་པ་དག་གིས་ཞིབ་འཇུག་གི་གྲུབ་དོན་ལ་ཚོར་བ་མཉམ་བསྲེས་བྱས་སོང་ན། རིན་ཐང་དང་ནུས་པ་ཆུང་དུ་འགྲོ་བ་ལས་རྩ་དོན་འཐབ་རྩོད་ནང་ཚོར་བ་ངེས་པར་དུ་ཡོད་དགོས་པ་ཞིག་རེད། བོད་ཀྱི་རྒྱལ་ཁབ་རྒྱ་དམར་དྲག་པོའི་གཞུང་གིས་བཙན་འཕྲོག་བྱས་ཡོད་པ་དང་། བོད་མི་རིགས་ལ་མནར་གཅོད་ཚད་ལས་བརྒལ་བ་བཏང་ཡོད་སྟབས། བོད་མི་རིགས་ཀྱི་བསམ་བློའི་ནང་བོད་རྒྱལ་དགོས་པ་དང་། བོད་བཙན་བཟུང་གི་གནས་སྟངས་ཐོག་ནས་རྒྱ་ཕམ་དགོས་པའི་བསམ་བློ་ཞིག་གཏོང་མ་ཐུབ་ན་བོད་མི་རིགས་དང་བོད་རྒྱལ་ཁབ་སླར་གསོ་ཡོང་ཐབས་ཤིག་གཏན་ནས་མེད་པ་རེད།།