བོད་ལྗོངས་མདོ་སྨད་ཆོལ་ཁས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་གོ་སྟོན་སྲུང་བརྩི་གཟབ་རྒྱས་ཞུས།

ཕྱི་ཟླ་ ༦ པའི་ཚེས་ ༣༠ བོོད་ཟླ་ ༥ པའི་ཚེས་ ༥ ཉིན་གྱི་སྔ་དྲོར་རྡ་སའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༩༠ ཕེབས་པའི་གོ་སྟོན་དང་བསྟུན་བོད་ལྗོངས་མདོ་སྨད་ཆོལ་ཁའི་གཞིས་བྱེས་མི་མང་ཡོངས་ནས་མགོན་པོ་མཆོག་སྐུ་ཚེ་ཞབས་པད་བརྟན་ཆེད་བརྟན་བཞུགས་བསྟར་འབུལ་དང་། དུས་རབས་ཉེར་གཅིག་པའི་བླ་ན་མེད་པའི་སྟོན་པ་ཆེན་པོར་མངའ་གསོལ་མཛད་དེ་༸སྐུའི་གོ་སྟོན་སྲུང་བརྩི་ཞུས་སོང་། ཐེངས་འདིར་༧ས་སྐྱ་གོང་མ་རིན་པོ་ཆེ་མཆོག་དང་དགའ་ལྡན་ཁྲི་རིན་པོ་ཆེ། ༧སྐྱབས་རྗེ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ། ༧སྐྱབས་རྗེ་སྨིན་གླིང་མཁན་ཆེན་རིན་པོ་ཆེ་སོགས་མཁན་བླ་སྤྲུལ་རྣམ་པ་དང༌། རྒྱ་བརྒྱུད་ནང་བསྟན་གྱི་སྐུ་ཚབ། རྒྱ་གར། ཤྲི་ལངྐ་། ཐེ་ལེཎྜ། འབར་མ་བཅས་ཀྱི་གནས་བརྟན་སྡེ་པའི་སྐུ་ཚབ། ཧིན་དྷུ། ཡེ་ཤུ། ཁ་ཆེ། བཱ་ཧའེ། འཇིའུ། རྗེན། སིག་སོགས་ཆོས་ལུགས་རིས་མེད་ཀྱི་སྐུ་ཚབ་བླ་མ་རྣམ་པ། ཡབ་གཞིས་སྐུ་འཁོར་རྣམ་པ། བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གཙོས་ལས་བྱེད་ཡོངས། དེ་མིན་ཕྱོགས་མཐར་ནས་ཡོང་བ་དང་རྡ་སར་གནས་སྡོད་བྱེད་མཁན་བཅས་སེར་སྐྱ་མང་པོ་ཞིག་འཛོམས་འདུག
དེ་ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཐེག་ཆེན་ཆོས་གླིང་གཙུག་ཁང་དུ་གོ་སྟོན་མཛད་སྒོའི་ཚོགས་མགོན་དུ་ཞབས་སོར་འཁོད་མཚམས། སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དུས་རབས་ཉེར་གཅིག་པའི་བླ་ན་མེད་པའི་སྟོན་པ་ཆེན་པོར་གསོལ་འདེབས་སྙན་ཞུ་༸སྙན་སྒྲོན་ཞུས་པ་དང་། དུས་རབས་ཉེར་གཅིག་པའི་བླ་ན་མེད་པའི་སྟོན་པ་ཆེན་པོར་མངའ་གསོལ་ཞུས་པའི་གསེར་གྱི་མཚོན་རྟགས་རིན་པོ་ཆེ་གོ་སྟོན་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོས་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པའི་ཕྱག་ཏུ་ཕུལ་ཞིང་། མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པས་བོད་ཀྱི་བསྟན་བདག་བླ་ཆེན་རྣམ་པ་དང་། རྒྱལ་ཁབ་ཁག་ནས་ཕེབས་པའི་ཆོས་ལུགས་འདྲ་མིན་གྱི་སྐུ་ཚབ་བླ་ཆེན་རྣམ་པར་ཕུལ།
ཁོང་རྣམ་པས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དུས་རབས་ཉེར་གཅིག་པའི་སྟོན་པ་ཆེན་པོར་མངའ་གསོལ་གྱི་གསེར་གྱི་མཚོན་རྟགས་འབུལ་བཞེས་གནང་། དེ་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བསྟན་འགྲོའི་དོན་དུ་སྐུ་ཚེ་བསྐལ་བརྒྱར་བརྟན་ཆེད་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་དང་། ༸སྐུའི་གཅུང་མོ་བཀའ་ཟུར་རྗེ་བཙུན་པདྨ། ༸སྐུའི་གོ་སྟོན་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་བཀའ་ཟུར་ཐུབ་བསྟན་ལུང་རིགས་བཅས་ནས་མནྜལ་རྟེན་གསུམ་འདེགས་འབུལ་དང་བསྟན་བདག་བླ་ཆེན་རྣམ་པས་གཙོས་བླ་སྤྲུལ་སེར་སྐྱ་མང་ཚོགས་ཡོངས་ནས་༸རྒྱལ་བའི་ཞབས་བརྟན་གསོལ་འདེབས་གསུང་བ་དང་འབྲེལ། ༸སྐུའི་གོ་སྟོན་གྱི་སྦྱིན་བདག་ཡོངས་ནས་འབུལ་མཚོན་འདེགས་འབུལ་ཞུས་སོང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐེངས་འདིའི་གོ་སྟོན་སྲུང་བརྩིའི་སྐབས་སུ་བཀའ་སློབ་སྩལ་དོན།
ངོས་རང་ལོ་དགུ་བཅུའི་ནང་ལ་སླེབས་ཡོད་པ་དང་། གཟུགས་པོ་བདེ་ཐག་ཆོད་ཡོད། ལོ་ཡུན་འདིའི་རིང་ལ་བོད་ཀྱི་བསྟན་སྲིད། སྐྱེ་འགྲོའི་བདེ་སྐྱིད་དང་བཅས་པར་ནུས་པ་གང་ཡོད་བཏོན་ནས་ཕན་ཐོགས་གང་ལ་གང་འཚམ་བསྒྲུབས་ཡོད། འཛམ་གླིང་ལུང་པ་གཞན་དང་གཞན་ལའང་ཕན་ཚུན་འབྲེལ་བ་ཟབ་པོ་བྱས་པ་དང་། ལྷག་པར་དུ་ཚན་རིག་པ་ཚོའི་མཉམ་དུ་སྐད་ཆ་བཤད་ནས་ཡིད་ཚིམས་པའི་གོ་བསྡུར་དང་། བགྲོ་གླེང་བྱས་པ་སོགས་ཕན་ཐོགས་ཧ་ཅང་ཡག་པོ་བྱུང་། ད་ལྟའི་བར་དུ་མིའི་མི་གོ་ཆོད་པ་ཞིག་གིས་མི་ཚེ་བསྐྱལ་བ་རེད། བོད་གཙོ་བོར་གྱུར་པའི་འཛམ་གླིང་ཤར་ནུབ་ལྷོ་བྱང་དུ་ཡུལ་གྲུ་མང་པོར་ངོས་རང་སླེབས་པ་རེད་ལ་དགའ་མོས་བྱེད་མཁན་ཧ་ཅང་མང་པོ་ཡོང་གི་འདུག དེར་བསམ་བློ་གཏོང་དུས་ངོས་རང་ལ་མི་ལུས་ཐོབ་པ་འདིས་ལྷག་བསམ་བསྐྱེད་པ་བཞིན་འཛམ་གླིང་འདིར་ཕན་ཐོགས་གང་ལ་གང་འཚམ་བསྒྲུབས་པ་ལ་རྗེས་སུ་ཡི་རངས་སྐྱེས་པ་ཞིག་ཡོང་གི་འདུག ད་དུང་ཡང་ངོས་ཀྱི་མི་ཚེ་ལྷག་མ་འདིར་ག་ཚོད་ཐུབ་ཐུབ་ཀྱིས་གཞན་ཕན་རྒྱ་ཆེར་སྤེལ་ཐུབ་པ་ཞིག་དང་། དེའི་ཐོག་ནས་༸ཏཱ་ལའི་བླ་མའི་སྒྲིག་འཛུགས་མུ་མཐུད་ནས་སྡོད་པའི་སྒྲོམ་གཞི་ཞིག་སླེབས་ཡོང་གི་རེད། མདོ་དོན། མདོ་སྨད་ཙོང་ཁའི་ཡུལ་ནས་ཡར་ཡོང་ནས་ལྷ་སར་སློབ་གཉེར་བརྒྱབ། གྲྭ་སྐོར་སྔ་རྗེས་འཇོག་དགོས་པ་རྣམས་བཞག་ནས་བསྟན་འགྲོའི་དོན་དག་གང་ལ་གང་འཚམ་བསྒྲུབས་ཡོད།
ད་དུང་ཡིན་ནའང་མི་ཚེ་འདིར་ག་ཚོད་ཐུབ་ཐུབ་ཀྱིས་བསྟན་པ་དང་འགྲོ་བའི་དོན་དུ་སྨིན་པ་ཞིག་ཡོང་ཐུབ་པར་སེམས་ཐག་བཅད་ནས་བསྡད་ཡོད་ཅེས་བཀའ་སློབ་བཀའ་དྲིན་བསྩལ། མཇུག་ཏུ་མགོན་པོ་གང་ལ་བོད་རང་གི་ཐུན་མིན་ཞལ་ཟས་ཞུན་ཕུད་ཀྱི་མཆོད་པ་དང་། ༧སྐུའི་མཛད་རྣམ་རས་བྲིས་ཐང་ག་མཛད་བརྒྱ་མཐོང་བ་དོན་ལྡན་གྱི་ཞལ་ཐང་དང་། མཛད་རྣམ་ནོར་བུའི་ཕྲེང་བ། མཛད་བརྒྱ་མཐོང་བ་དོན་ལྡན་གྱི་བརྙན་དེབ་སོགས་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པས་དབུ་འབྱེད་གནང་སོང་། མཐར་བོད་མདོ་དབུས་ཁམས་གསུམ་གྱི་ཚབ་མཚོན་གླུ་གར་བྲོ་གསུམ་གྱི་མཆོད་པ་ཕུལ་ཏེ་མདོ་སྨད་ཆོལ་ཁས་སྲུང་བརྩི་ཞུས་པའི་སྐུའི་གོ་སྟོན་གྱི་མཛད་སྒོ་མཇུག་བསྒྲིལ། ད་ཐེངས་རྒྱ་གར་དང་རྒྱལ་སྤྱིའི་གསར་ཁང་མང་པོ་ཞིག་གིས་ཐད་གཏོང་སོགས་ནས་གསར་འགྱུར་ཁྱབ་སྤེལ་བྱས་སོང་ལ། སྐུ་མགྲོན་དུ་ཕེབས་པའི་ཆོས་ལུགས་འདྲ་མིན་གྱི་བླ་ཆེན་ཚོས་ཀྱང་བརྒྱུད་ལམ་ཁག་ཏུ། ༧གོང་ས་མཆོག་གིས་བྱམས་པ་དང་སྙིང་རྗེས་འཛམ་གླིང་ཞི་བདེ་སྐྲུན་གྱི་ཡོད་པས། ད་ལྟའི་དུས་འདིར་མགོན་པོ་གང་ཉིད་སྐྱེས་བུ་གལ་ཆེན་པོ་ཞིག་ཡིན་པ་དང་ཁོང་གི་མཛད་འཕྲིན་ལ་བསྔགས་བརྗོད་སོགས་གནང་འདུག
གསར་འགོད་པ། བསྟན་འཛིན་ལམ་བཟང་།