བོད་ཤི་གསོན་གྱི་འགག་རྩ་ལས་སྐྱོབ་ཐབས་བྱེད་དགོས།
ཡང་སྟེང་སྤྲུལ་སྐུ།
དང་པོ། ཐུགས་ཁུར་དངོས་གནས་གནང་གིན་ཡོད་དམ།
དེང་སང་ཀྲུང་གོའི་བོད་ཀྱི་དྲྭ་བ་ཞེས་པར་བོད་དོན་སྐོར་བྲིས་སྟངས་ལ་གཞིགས་ན་ཀྲུང་དབྱངས་ནས་གཏན་འབེབས་བྱས་པའི་ཡུན་རིང་བདེ་འཁོད་དང་། མི་སེམས་འགུག་པའི་རྩ་དོན་དེ་དག་ཡོངས་སུ་བརྗེད་པ་འདྲ། བོད་མི་མང་གི་དད་སེམས་དང་རེ་འདུན་ལ་རྡོག་རོལ་བཏང་ནས་མི་སེམས་འགུག་ཐབས་ཤིག་ཡོད་དམ།
ཕར་ཕྱིན་ནས་གསུངས་པའི་སྤྲུལ་པའི་སྐུ་ནི་ཡུལ་དུས་སོ་སོར་ཕན་ཐོགས་ཡོད་མེད་དང་བསྟུན་ཏེ་རྣམ་པ་འདྲ་མིན་ཅི་རིགས་པ་དང་། མཐའ་ན་བདུད་ཀྱི་སྤྲུལ་པ་སོགས་གང་ཡིན་ནའང་ཡོང་དགོས་པ་ཞིག་ཡིན་པར་ཡབ་སྲས་མཇལ་བའི་མདོ་སོགས་ལས་གསུངས་པས་ཕན་པ་ཡོད་མེད་ལ་མི་ལྟ་བར་ལམ་སྲོལ་ཁོ་ན་དེད་པ་ནི་ སྟོན་པའི་དགོངས་པ་དང་ཡོངས་སུ་འགལ་ཡོད།
ཀྲུང་དབྱངས་ནས་སྤྲུལ་སྐུ་ངོས་འཛིན་གྱི་ཁྲིམས་ཡིག་བཟོ་བ་དང་། འཐབ་ཕྱོགས་གཅིག་གྱུར་ནས་དོལ་རྒྱལ་རྗེས་འབྲངས་པའི་མི་སྣར་བདག་པོ་རྒྱག་པ་དང་། ཉེ་ཆར་ཨ་མཆོག་རིན་པོ་ཆེ་ཕ་ཡུལ་དུ་ཕྱིར་ལོག་གནང་བ་དྲིལ་བསྒྲགས་བྱ་སྟངས་དེས་སུ་ཞིག་གིས་སུ་བེད་སྤྱོད་གཏོང་གིན་ཡོད་མེད་གསལ་པོར་མངོན་ཡོད།
ལར་ནས་གཞུང་དང་དཔོན་རིགས་ལ་སྐྱོན་བརྗོད་བྱེད་མི་ཆོག་པ་དང་། གནད་དོན་ཡོད་ཚད་དངུལ་གྱིས་ཐག་གཅོད་བྱེད་ཅིང་། རང་གི་མི་མང་ལའང་དམ་བསྒྲགས་བྱེད་དགོས་ཐུག་པའི་སྲིད་གཞུང་ཞིག་གི་འོག་ཏུ་དྲང་བདེན་དང་། ཁྲིམས་ཀྱིས་དབང་སྒྱུར་ཇི་ཙམ་ཡོང་ཐུབ་བམ། གང་སར་དམག་དང་སོ་ལྟ་བས་ཁེངས་ཤིང་། དམ་བསྒྲགས་དང་སྡིགས་རའི་ཞེད་སྣང་འོག་མི་མང་སུ་ཞིག་གིས་རང་གི་སེམས་ནང་གི་སྐད་ཆ་བཤད་ཕོད་དམ།
བོད་ས་རང་དུའང་བོད་ཀྱི་སྐད་ཡིག་གནས་རིམ་འོག་མར་ལྷུང་ཟིན་པ་དང་། བོད་སྐད་ཀྱི་ཁོར་ཡུག་ཇི་ཆུང་དུ་འགྲོ་བར་ཁྲིམས་ཀྱི་སྲུང་སྐྱོབ་འཐུས་ཚང་བཟོས་མེད་པས་ཀྲུང་དབྱང་གིས་བོད་ལ་དམིགས་བསལ་ཐུགས་ཁུར་དང་ཤ་ཚ་ཡོད་གསུངས་པ་དེ་ལག་ ལེན་དངོས་ནས་མཚོན་པར་མི་བྱེད་པ་ཅི་ཡིན་ནམ། མི་རིགས་ཤིག་ཤི་གསོན་གྱི་འགག་རྩ་དེ་མི་རིགས་དེའི་སྐད་ཡིག་དང་རིག་གཞུང་ཡིན་པ་འདི་ཀྲུང་དབྱང་གིས་མི་ཤེས་པ་མི་སྲིད་ལ། རྒྱ་གར་ལས་ཀྱང་སྔོན་ཐོན་པར་སྒྲོག་བཞིན་པའི་གཞུང་ཞིག་གིས་རྒྱ་གར་གྱིས་རང་གི་མཐའ་མཚམས་ཀྱི་མི་རིགས་མོན་པ་སོགས་ལ་སྤྲད་པའི་རང་དབང་དེ་ཙམ་ཡང་རང་གི་མི་མང་ལ་སྤྲད་མི་ཐུབ་པ་དེ་ངོ་ཚ་ཞིག་མ་ཡིན་ནམ།
གཉིས་པ། རང་བཙན་ལས་མི་རིགས་གལ་ཆེ།
ཆགས་འཇིག་གི་མཚམས་སུ་སླེབས་པའི་མི་རིགས་ཤིག་གིས་ཁ་ཚ་དགོས་གཏུགས་བྱེད་དགོས་པ་ནི་རང་གི་མི་རིགས་དེ་འཆི་ཉེན་ལས་ཐར་བར་བྱ་རྒྱུ་དེ་རེད། ཅི་སྟེ་འཆི་ཉེན་ལས་ཀྱང་ཐར་བར་བྱ་མི་ནུས་ན་དེ་ལས་ལྷག་པའི་རེ་བ་ཞིག་བཅང་རྒྱུ་ལྷག་མེད། དོན་ངོ་མར་མི་རིགས་ཀྱི་ཆེད་དུ་རང་བཙན་རྩོད་པ་ལས་རང་བཙན་གྱི་ཆེད་དུ་མི་རིགས་རྩ་བརླག་གཏོང་རྒྱུ་ག་ལ་ཡོོད། ཤི་ལ་ཉེ་བའི་མི་རིགས་ཤིག་ལ་མཚོན་ན་མི་རིགས་དེ་སྲུང་སྐྱོབ་བྱ་རྒྱུ་ནི་ཡོད་ཚད་ཀྱི་རྩ་བ་ཡིན་པ་ལས་ལོ་རྒྱུས་ནང་གང་ཡིན་པ་དེ་ད་ལྟར་ཡིན་དགོས་པའི་རྒྱུ་ མཚན་ཞིག་ག་ལ་ཡོད།
མ་འོངས་པ་ནི་མི་ཀུན་ལ་དྲི་བ་ཙམ་ཡིན་པ་ལས་སུ་ཞིག་གིས་ཀྱང་མ་འོངས་པར་ཚོད་འཛིན་མི་ཐུབ། དྲང་པོར་ཞུ་ན། ལོ་རྒྱུས་ཡིག་ཆ་ནི་ཤོག་གུ་སྒང་གི་སྣག་ཚ་ཙམ་ཡིན་པས་ད་བར་འཛམ་གླིང་ནང་ཕྱོགས་གཉིས་ཀས་བརྩི་སྲུང་མཐར་འཁྱོལ་བྱས་པ་གཅིག་ཀྱང་བྱུང་མེད། དེའང་འཇིག་རྟེན་གྱི་ཆོས་ཉིད་ཅིག་ཡིན་ཏེ། རྒྱུ་མཚན་གང་ཞིག་གིས་གསར་གཏོད་བྱས་པའི་ལོ་རྒྱུས་དེ་རྒྱུ་མཚན་དེ་མེད་པར་གྱུར་ཚེ་རང་བཞིན་གྱིས་རྩིས་མེད་དུ་འགྲོ་ལོས་དགོས། དེ་ཡང་འདས་པའི་གནས་སྟངས་ཀྱིས་ད་ལྟའི་ཚབ་བྱེད་མི་ཐུབ་པའི་གནད་ཀྱིས་རེད། སྤྱིར་གསར་གཏོད་དང་བཅོས་སྒྱུར་གྱི་བདག་དབང་གཉིས་ཀ་སུ་ལའང་ངེས་པར་དུ་ཡོད་མཉམ་ཡིན་དགོས།
རང་བཙན་མི་དགོས་པ་དང་མི་རྩོད་པ་གཉིས་ངོ་བོ་ཡོངས་སུ་ཐ་དད་ཡིན་ལ། རྩོད་ཀྱི་མིན་གསུངས་པ་དང་མ་རེད་གསུངས་པ་གཉིས་ཀྱང་ཡོངས་སུ་ཐ་དད་ཡིན། འདས་པར་རང་བཙན་མ་རེད་ཅེས་ནམ་ཡང་གསུངས་མྱོང་མེད་ལ། རྩོད་ཀྱི་མིན་ཞེས་པའི་ཚིག་གི་ནུས་པས་མ་འོངས་པའི་ལངས་ཕྱོགས་ཙམ་གསལ་སྟོན་གནང་ བ་དང་ཆབས་ཅིག་འདས་པའི་ལོ་རྒྱུས་གང་ཡིན་པ་དེ་དེ་རང་ཡིན་བཅུག་དགོས་པའང་སྟོན་གྱིན་ཡོད། རང་བཙན་འཐབ་རྩོད་པ་ཚོས་ངེས་པར་བོད་ནང་གི་བོད་མིའི་གནས་སྟངས་ལ་དོ་ཁུར་དགོས་ལ། ཐབས་ལམ་ཇི་འདྲ་ཞིག་བརྒྱུད་ནས་རང་བཙན་རྩོད་རྒྱུ་ཡིན་པ་དང་། ད་ལྟ་ནས་གདེངས་ཡོད་པའི་རང་བཙན་རྩོད་པའི་མཐའ་མའི་མཇུག་འབྲས་མི་མང་ཚོར་གསལ་བཤད་བྱེད་ཐུབ་པ་གང་ཡོད་གསལ་པོ་བཟོ་དགོས་པར་མཐོང་།
གསུམ་པ། ཁ་ཡོད་ལག་ཡོད་ཀྱིས་བོད་སྐྱོབ་མཁན་སུ་ཞིག་ཡིན།
བོད་སྤྱིར་ལྷག་བསམ་ཡོད་མཁན་སུ་ཞིག་ཡིན་རུང་ང་ཚོ་ལ་སྤྱི་པའི་སྒྲིག་འཛུགས་སྲ་བརྟན་ཞིག་ཡོད་ན་བསམ་པ་དང་། སྒྲིག་འཛུགས་དེ་སྲ་བརྟན་ཡོང་རོགས་བྱེད་ན་བསམས་ཏེ་འབད་པ་མི་བྱེད་མཁན་ཞིག་ག་ ལ་ཤེས། སུ་ཞིག་གིས་ཐོག་མར་སྒྲིག་འཛུགས་འདི་མེད་ས་ནས་ཡོད་པ་དང་། ཡོད་པ་ནས་ད་ལྟའི་མ་ལག་ཚང་བའི་ཚ་སོབ་སོབ་ཀྱི་སྒྲོམ་གཞི་འདི་བཟོས་སམ། གཞུང་གི་སྒྲིག་འཛུགས་འདི་ཆེས་ཐོག་མར་གནས་སྟངས་ག་འདྲ་ཞིག་ནས་དཀའ་ལས་གང་འདྲ་ཞིག་བརྒྱུད་ནས་བསྐྱེད་བསྲིངས་གནང་ཡོད་དམ།༼བོད་གཞུང་ཐོག་མར་བཙུགས་དུས་མོ་ཀྲ་གཅིག་དང་། ཁ་པར་གཅིག་ཡོད་པ་རེད།༽ཐ་ན་ང་ཚོའི་སྤྱི་ཚོགས་འདི་དང་ང་ཚོས་ད་ལྟའི་སྐད་ཆ་འདི་ཚོ་བཤད་ས་ཡོད་པའི་ཁོར་ཡུག་ཁོ་རང་ཡང་ཇི་ལྟར་བྱས་ནས་ཡོང་བ་བརྗེད་ག་ལ་རུང་།
སུ་ཞིག་གིས་ལོ་ཟླ་ཉིན་ཞག་སྦྲེལ་ནས་གཞུང་གི་ལས་ཁུངས་རེ་རེ་ནས། སློབ་གྲྭ་རེ་རེ་ནས། སྡེ་ཚན་སོགས་རེ་རེ་ནས་རིམ་གྱིས་བསླངས་ནས་འོང་པ་དང་། མཐའ་ན་ས་ཕག་རེ་རེ་ཡང་རྔུལ་ཆུའི་ཐིགས་པ་རེ་རེས་བརྩེགས་ནས་འོང་ཡོད་པ་རེད། སྔར་ལས་ལྷག་པའི་ཆོས་བརྒྱུད་དང་ཆོལ་ཁའི་མཐུན་སྒྲིལ་དམ་གཙང་གི་ཚད་གཞི་འདི་འདྲ་ཞིག་ཡོད་པའང་རྒྱུ་མེད་དུ་བྱུང་བ་མིན། བོད་སྤྱིའི་འཐབ་རྩོད་པ་ཞིག་གི་ངོས་ནས་བོད་མིའི་སྒྲིག་འཛུགས་འདི་ཇི་ཙམ་གལ་ཆེན་ཡིན་པ་བཤད་མི་དགོས་ལ། འོ་ན་འདི་ལྟ་བུ་སྒྲིག་འཛུགས་འཛུགས་སྐྱོང་གནང་མཁན་དང་། རྒྱ་ནག་ནས་དགྲ་ཁ་གཏད་དུ་རྩིས་ནས་རྒྱལ་ཁབ་ཁ་བྲལ་གྱི་བྱེད་གཏེ་རུ་འབོད་དེ་ཉེས་འཛུགས་བྱེད་ས་གཙོ་བོ་དེ་བོད་ཀྱི་འཐབ་རྩོད་པ་ཞིག་གི་ངོས་ནས་སྲིད་དོན་གྱི་གཏན་ཚིགས་རིག་པས་གཞལ་ན་ཕྱོགས་གང་ཤིག་ཏུ་གཏོགས་དགོས་སམ།
རྒྱ་གཞུང་གི་གདོང་དུ་ལངས་ཏེ་བོད་ཀྱི་རང་དབང་འཐབ་རྩོད་ཀྱི་སྣེ་ཁྲིད་པ་གཙོ་བོ་དང་། བོད་མིའི་བསམ་བློའི་རྟེན་གཞི་གཙོ་བོ། ཆོལ་གསུམ་བོད་མི་ཡོངས་ཆིག་སྒྲིལ་གྱི་གོང་བུ་གཅིག་ཏུ་སྒྱུར་མཁན། བོད་ཀྱི་ཆོས་དང་རིག་གཞུང་རྒྱལ་སྤྱིའི་ལྡིངས་ཆར་གསེར་འོད་འཕྲོ་བའི་རིན་ཐང་ཅན་ཞིག་ཏུ་སྒྱུར་གནང་མཁན་གཙོ་བོ་དེ་ལ་བོད་ཀྱི་རང་བཙན་འཐབ་རྩོད་པ་ངོ་མ་ཞིག་ནས་དོན་དངོས་དང་བསྟུན་པའི་རྩིས་བཀུར་ཇི་ཙམ་ཞིག་དགོས་པ་མཁྱེན་དགོས།
ད་ཆར་༸གོང་ས་མཆོག་གིས་བོད་ཟེར་བ་ཅི་ཞིག་ཡིན་པ་དང་ཅི་ཞིག་ཡིན་དགོས་པའི་གནས་ལུགས་འདི་ང་ཚོ་མི་རབས་གསར་པ་ཚོའི་ལག་ཏུ་ཆ་ཚང་བར་རྩིས་སྤྲོད་ཟིན་པས་དངོས་གནས་བྱས་ན་༸གོང་ས་མཆོག་གིས་གཙོས་པའི་མི་རབས་རྒན་པ་རྣམས་ཀྱིས་ཐུགས་འགན་ཆེ་ཤོས་ཤིག་བསྒྲུབས་གནང་ཚར་བ་རེད། གལ་སྲིད་བོད་སྤྱིའི་སྒྲིག་འཛུགས་འདི་མེད་ན་སྐར་ལྔའི་དར་དམར་འོག་འཚར་ལོངས་བྱུང་བའི་ང་ཚོ་མི་རབས་གསར་པ་ཚོར་གནས་ལུགས་དེ་རྩིས་འཕྲོད་ཡོང་མི་སྲིད། ད་ལྟར་བོད་ཕྱི་ནང་གི་གཞོན་སྐྱེས་ཚོས་མ་མཐར་ཡང་རང་ཉིད་བཙན་པོའི་གདུང་རྒྱུད་ཡིན་པར་ཤེས་པར་མ་ཟད་རང་ཉིད་ལ་བོད་རིགས་ཀྱི་སྤོབས་པ་ཞིག་ཀྱང་སླེབས་ཡོད་པ་འདི་ཧ་ཅང་གི་རྒྱལ་ཁ་ཆེན་པོ་ཞིག་ཡིན།
ང་ཚོས་ཕྱིས་ལྟས་ཤིག་སློག་ནས་ལྟོས་དྭ། ༸པཎ་ཆེན་རིན་པོ་ཆེས་ལྷ་སའི་སྨོན་ལམ་དུ་གསུངས་པ་ལྟར་དཀའ་ངལ་ཆེ་སྐབས་བོད་མི་རྣམས་བླ་ཆད་ནས་ཚིག་གཅིག་འུར་གཅིག་ཀྱང་བཤད་མི་ཕོད་པའི་གནས་སྟངས་དེ་འདྲ་ཞིག་ནས། སྐབས་དེར་ལུང་པ་མང་པོར་མཐའ་ན་བོད་དོན་ཟེར་བའི་ཚིག་ཙམ་ཡང་གོ་རྒྱུ་མེད་པའི་གནས་སྟངས་དེ་འདྲ་ཞིག་ནས་ཟམ་མི་ཆད་པར་ངོ་རྒོལ་དང་། ལྷག་པར་ས་བྱའི་བོད་ས་ཁྱོན་ཡོངས་ཀྱི་ངོ་རྒོལ་དང་། བཤད་མི་ཕོད་པའི་ཚེ་སྲོག་མེར་སྲེག་གི་ངོ་རྒོལ་གྱི་ཆོད་སེམས་དང་བློ་སྟོབས་འདི་ཚོ་སེམས་ཤུགས་བཅགས་ནས་ཡོང་ཐབས་མེད་ལ། འཐབ་རྩོད་གང་བྱས་ནའང་ད་ལྟའི་དངོས་ཡོད་དང་འཚམ་དགོས་གསུངས་པ་དེས་སེམས་ཤུགས་བཅགས་པ་ཨེ་ཡིན་ནམ།
བཞི་པ། དོན་ངོ་མར་སུ་ཞིག་གིས་ང་ཚོའི་ཆིག་སྒྲིལ་གཏོར་བཞིན་ཡོད་དམ།
འོ་ན་མི་སུ་ཞིག་གིས། སྐད་ཆ་ཇི་འདྲ་ཞིག་གིས་ང་ཚོའི་སྒྲིག་འཛུགས་འདི་ནུས་མེད་དུ་གཏོང་བཞིན་ཡོད་དམ། སུས་སྒྲིག་འཛུགས་འདི་ནུས་མེད་དུ་ཆགས་ན་བསམ་གྱིན་ཡོད་དམ། སུ་ཞིག་ལ་སྒྲིག་འཛུགས་འདི་ནུས་མེད་དུ་ཆགས་དགོས་པ་རེད་དམ། ཤ་ཆད་ཀྱང་རྒྱུས་པ་མ་ཆད་པའི་དཔེ་ལྟར་བོད་ཕྱི་ནང་གི་གཅིག་སྒྲིལ་གྱི་གོང་བུའི་ནུས་པ་དེ་མེད་པར་བཟོ་བསམ་པ་ཞིག་ཡོད་ན་དེས་གང་འདྲ་ཞིག་ནས་འགོ་འཛུགས་བྱེད་ སྲིད་དམ། ང་ཚོས་བརྗེད་མི་རུང་བ་ནི་སྦྲུལ་བསད་ན་སྦྲུལ་འགོ་བཅོམ་དགོས་ཟེར་བའི་དཔེ་དེ་ རེད། ཏག་ཏག་བོད་མི་སྤྱིའི་ཆིག་སྒྲིལ་གྱི་ནུས་པ་གཅོག་འདོད་མཁན་ཚོས་ཀྱང་༸གོང་ས་མཆོག་དང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ནས་འགོ་བཙུགས་ཏེ་བོད་མི་རིགས་གཏོར་བཤིག་བྱ་རྒྱུ་ཡིན་པ་ནི་སྨྲོས་མི་དགོས་པ་ཞིག་རེད།
ཁོ་ཚོས་ནུས་ཤུགས་ཡོད་ཚད་ཀྱིས་སྐད་ཆ་འདྲ་མིན་མང་པོ་སྤེལ་ནས་མི་མང་མགོ་རྨོངས་སུ་འཇུག་ཐབས་བྱེད་ཀྱིན་ཡོད་པ་རེད། དཔེར་ན། ༸གོང་ས་མཆོག་ནས་རང་བཙན་མི་དགོས་གསུངས་པ་རེད་ཟེར་བ་དང་། བོད་སྤྱི་པའི་དོན་དུ་དཀའ་ལས་རྒྱག་མཁན་ཚོར་དཀྲུགས་བཤིག་རྒྱག་མཁན་རེད་ཟེར་བ་དང་། སྲིད་སྐྱོང་ལ་ཐུགས་མ་མཉེས་པར་དུས་དབང་ཕྱིར་བསྡུ་བྱས་པ་རེད་ཟེར་བ་དང་། ཁམས་པ་ཚོར་ཐུགས་མཉེས་པོ་གནང་གིན་མ་རེད་ཟེར་བ་དང་། ཆོས་རྗེ་འཇིགས་མེད་ཕུན་ཚོགས་ཀྱི་ཡང་སྤྲུལ་ངོས་འཛིན་བྱས་སོང་ཟེར་བ་སོགས་གཞི་མེད་པའི་སྐད་ཆ་འདི་དག་བཀྲམས་པ་ལྟ་བུ་རེད། ༼སྐད་ཆ་འདི་ཚོ་ཐོག་མར་བཀྲམས་མཁན་ཚོར་གོ་དགོས།༽ཆོས་རྗེའི་ཡང་སྤྲུལ་སྐོར་ནི་འབྲེལ་ཆགས་དམ་པ་དེ་ཉིད་ཀྱི་སློབ་མ་གནད་ཡོད་ཚང་མ་ད་ལྟར་བཞུགས་བཞིན་པ་རེད།
མདོར་ན་ང་ཚོས་སྐད་ཆ་གང་ཞིག་གི་ངོ་གདོང་དེར་བདེན་མདོག་དང་ལར་ཞེན་ཆེ་མདོག་གང་ ཡོད་མེད་ལ་ལྟ་མི་རུང་བར་སྐད་ཆ་དེའི་འཇུག་འབྲས་ལ་ལྟ་དགོས། སྐད་ཆ་དེས་མཐར་བོད་ནང་ཁུལ་དུ་བརྡབ་གསིག་གཏོང་བྱེད་ཅིག་ཆགས་མིན་ལ་ལྟ་དགོས། སྐྱོན་བརྗོད་ཆོག་པའི་ཐོང་ཐང་ཞིག་ཀྱང་དགོས་ན་སྐྱོན་བརྗོད་དེར་གསལ་བཤད་བྱེད་ཆོག་པའི་ཐོབ་ཐང་ཡང་དགོས་པ་གཅིག་མཚུངས་སུ་མཐོང་ངོ་། །
འཇིག་རྟེན་སྲིད་དང་འབྲེལ་བའི་གཏམ་འདི་ཚོ། །
ཡང་སྟེང་བདག་ལ་བཤད་འདོད་མ་མཆིས་མོད། །
གངས་ཅན་བོད་ཀྱི་ལས་དབང་བསམ་པ་ན། །
བཟོད་པར་མ་ནུས་དབང་མེད་ཁ་ནས་ཤོར། །
གངས་ཅན་མགོན་པོའི་ཞལ་རས་དྲན་ཐེངས་རེར། །
བཀའ་དྲིན་བསམ་ཞིང་མིག་མཐར་མཆི་མས་ཁེངས། །
ཇི་སྲིད་བོད་འདི་སྟོངས་པར་མ་གྱུར་ཚེ། །
དེ་སྲིད་ཁྱེད་ཀྱིས་རྗེས་སུ་བཟུང་བར་ཤོག །
སེར་སྨད་དགེ་བཤེས་ལྷ་རམས་པ་ཡང་སྟེང་སྤྲུལ་སྐུ་ནས་བྲིས། ༢༠༡༥ ཟླ་༩ ཚེས་༣༠ ལ།