བོད་སོག་གི་འབྲེལ་བ་དང་ཤུགས་རྐྱེན།

ཉེ་ཆར་ཉི་ཧོང་དུ་བོད་སོག་གཉིས་ཆིངས་ཡིག་བཞག་ནས་མི་ལོ་༡༡༠ འཁོར་བའི་དུས་ཚིགས་དང་བསྟུན་ནས་ཚོགས་འདུ་ཞིག་ཚོགས་འདུགཚོགས་འདུ་དེ་ལྷོ་སོག་ལྷན་ཚོགས་དང་། ཉི་ཧོང་སྐུ་ཚབ་དོན་ཁང་། ཐའེ་ཝན་མང་གཙོའི་སློབ་གྲྭ་གསར་པ་བཅས་མཉམ་སྦྲེལ་གྱིས་གོ་སྒྲིག་བྱས་པ་ཞིག་ཡིན་འདུག་ཅིང་། དེ་ནི་གཙོ་བོ་ཕྱི་ལོ་༡༩༡༣ ལོའི་བོད་སོག་ཆིངས་ཡིག་བཞག་ནས་ལོ་ངོ་༡༡༠ འཁོར་བའི་དུས་དྲན་དང་བསྟུན་བོད་སོག་རིག་གཞུང་དང་ཆོས་ཕྱོགས་བགྲོ་གླེང་ཚོགས་འདུ་ཞིག་དང་། ཚོགས་འདུ་དེར་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་ཆེད་ཕེབས་གནང་ནས་གསུང་བཤད་ཀྱང་གནང་འདུག ཕྱི་ལོ་༡༩༡༣ ལོའི་བོད་སོག་ཆིངས་ཡིག་དང་འབྲེལ་བའི་ཐོག་ནས་བཤད་ན་ཆབ་སྲིད་ཀྱི་ཐོག་ནས་བཞག་པའི་ཆིངས་ཡིག་ཅིག་ཡིན་པ་དང་། བོད་སོག་གཉིས་ཆོས་དང་རིག་གནས་ཀྱི་འབྲེལ་བའི་ཐོག་ནས་དུས་ཡུན་རིང་པོ་སོང་ཡོད་པ་མ་ཟད། ཆབ་སྲིད་ཀྱི་ཐོག་ནས་འགལ་འབྲེལ་དང་དེའི་ཤུགས་རྐྱེན་སོགས་ལོ་རྒྱུས་ཧ་ཅང་རིང་པོར་གྱུར་ཡོད།
གནའ་བོའི་དུས་སུ་སོག་པོ་འཛམ་གླིང་ཐོག་བཙན་དྲག་ཆེ་ཤོས་ཀྱི་རྒྱལ་ཁབ་ཅིག་ཏུ་གྱུར་མྱོང་ཞིང་། ཨེ་ཤི་ཡ་ཙམ་མ་ཡིན་པར་ཡུ་རོབ་ཀྱི་ས་ཁུལ་ཁག་ཅིག་ཏུ་དཔུང་གིས་དབང་བསྒྱུར་བྱས་པའི་ལོ་རྒྱུས་ཀྱང་བྱུང་མྱོང་། སོག་པོས་རྒྱ་ནག་ལ་དབང་བསྒྱུར་བྱས་པའི་དུས་ཚོད་བྱུང་ཡང་། ཕྱིས་སུ་རྒྱ་ནག་གི་མཁས་པ་ཚོས་སོག་པོས་རྒྱ་ནག་ལ་དབང་བསྒྱུར་བའི་དུས་སྐབས་དེར་ཡོན་རྒྱལ་རབས་ཞེས་རྒྱ་ནག་རང་གི་རྒྱལ་རབས་གྲས་སུ་བཀོད་ནས་དོན་དངོས་ཀྱི་ལོ་རྒྱུས་ནག་བསུབ་བཏང་ཡོད། སོག་པོ་དབང་ཤུགས་ཆེ་བའི་སྐབས་དང་དེའི་སྔ་རྗེས་སུ་བོད་ལ་འབྲེལ་བ་ག་རེ་བྱུང་མྱོང་ཡོད་པ་དང་། དེ་ལ་བརྟེན་ནས་ཤུགས་རྐྱེན་ག་རེ་བྱུང་མྱོང་ཡོད་མེད་ནི་ལོ་རྒྱུས་ཀྱི་གནས་བབས་ལ་དོ་སྣང་བྱེད་མཁན་དག་གི་ངོས་ནས་ཞིབ་འཇུག་བྱ་ཡུལ་བརྗོད་གཞི་གལ་ཆེན་ཞིག་ཏུ་གྱུར་ཡོད། བོད་པའི་སྤྱི་ཚོགས་ནང་སོག་པོ་དང་འབྲེལ་བའི་སྐོར་བརྗོད་སྐབས་དགའ་སྣང་དང་དུང་བ་ཟབ་པའི་བག་ཆགས་ཡོད་མཁན་མང་པོ་ཡོད་པ་དང་། ཐོས་པ་ཙམ་གྱིས་སྡང་ཟུག་གི་ཚོར་བ་ཡོད་མཁན་ཡང་ཡོད།
སོག་པོའི་དཔུང་ཤུགས་བོད་དུ་སླེབས་ནས་བོད་ལ་དམར་གསོད་ཁྲག་གི་འཁོར་ལོ་བསྐོར་བའི་ལོ་རྒྱུས་ཡོད་པ་དང་། དེ་ཡང་གཙོ་བོ་བོད་ཀྱི་ཆོས་བརྒྱུད་ནང་ཁུལ་གྱི་འགལ་ཟླ་བེད་སྤྱད་ནས་སོག་པོས་བོད་ལ་བཙན་གནོན་དང་དམར་གསོད་གང་མང་བཏང་ཞིང་། འདས་པའི་ལོ་རྒྱུས་དང་འབྲེལ་བའི་ཐོག་ནས་མཁས་པ་རེ་ཟུང་གིས་བོད་ཀྱི་མི་འབོར་གྲངས་ཉུང་ཆགས་པའི་རྒྱུ་མཚན་གཅིག་སོག་པོས་བོད་པ་མང་པོ་དམར་གསོད་བཏང་བ་ལས་བྱུང་ཚུལ་བརྗོད་མཁན་ཡང་ཡོད། གང་ལྟར་དགོན་པ་གཏོར་བ་དང་མི་མང་པོ་བསད་པའི་ཁྲག་དྲི་བྲོ་བའི་ལོ་རྒྱུས་བྱུང་མྱོང་ལ། རྒྱབ་སྐྱོར་གྱི་ཐོག་ནས་སྲིད་གཞུང་བཙུགས་པའི་ལོ་རྒྱུས་ཀྱང་བྱུང་མྱོང་བས། སོག་པོ་དང་འབྲེལ་བའི་སྐོར་བརྗོད་སྐབས་སོག་པོ་རྒྱལ་ཁབ་ཕར་ཞོག སོག་པོ་མི་སྒེར་རེ་ཟུང་བོད་ཀྱི་ཆོས་བརྒྱུད་རེ་ཟུང་གི་ངོས་ནས་ཆོས་རྒྱལ་དུ་བརྩི་ཡང་། ཆོས་བརྒྱུད་རེ་ཟུང་གིས་མི་དེ་བདུད་སྡིག་ཅན་དུ་བརྩི་བ་སོགས་ལྟ་སྟངས་དང་ཤུགས་རྐྱེན་མི་འདྲ་བ་སྣ་ཚོགས་ཤིག་ཡོད་པ་ནི་དོན་དངོས་སུ་གྱུར་ཡོད།
སོག་པོའི་དབང་ཤུགས་ཉམས་རྗེས་སོག་པོའི་གནད་ཡོད་མི་སྣ་ནང་ཁུལ་འགལ་ཟླ་དང་། དེ་དག་གིས་བོད་དུ་ཤུགས་རྐྱེན་རྒྱ་བསྐྱེད་བཏང་བའི་ལོ་རྒྱུས་ནང་། གང་ལྟར་ཆབ་སྲིད་ཀྱི་འགལ་འབྲེལ་དང་། ཆོས་དང་རིག་གནས་ཀྱི་ཐོག་ནས་བཤད་ན་བོད་དང་སོག་པོ་ནི་དུས་རྒྱུན་འབྲེལ་བ་ཟམ་མ་ཆད་དུ་བྱུང་བའི་ཁྱིམ་མཚེས་རྒྱལ་ཁབ་ཅིག་ཡིན་པ་དང་། ཕན་ཚུན་ཤུགས་རྐྱེན་ཧ་ཅང་ཆེ་བའི་ལོ་རྒྱུས་ཀྱི་གནས་བབས་ཤིག་བྱུང་ཡོད། ད་ལྟ་བོད་མི་རྣམས་མིའི་ལུང་པར་བཙན་བྱོལ་དུ་འབྱོར་བའི་དུས་སུའང་། རི་བོ་དགེ་ལུགས་པ་གཙོ་བོར་གྱུར་པའི་གདན་ས་ཁག་ཏུ་སོག་པོའི་གྲྭ་བཙུན་སློབ་གཉེར་བ་ཧ་ཅང་མང་ཞིང་། སྨན་རྩིས་ཁང་སོགས་བོད་པའི་མཐོ་སློབ་རྣམས་སུ་སོག་པོའི་མི་སྐྱ་ཕོ་མོ་བོད་ཀྱི་ཆོས་དང་རིག་གནས་ལ་སློབ་གཉེར་བྱེད་མཁན་ཡང་མང་པོ་ཡོད་པ་ནི། འདས་པའི་ལོ་རྒྱུས་ཀྱི་འབྲེལ་བའི་ས་བོན་གཞིར་བཟུང་ནས་བྱུང་བ་སོགས། སོག་པོ་ཞེས་པ་འདི་བོད་མི་ལོ་གསུམ་བྱིས་པ་ནས་བརྒྱད་ཅུའི་རྒད་པོའི་བར་མི་ཤེས་མཁན་གཏན་ནས་མེད་པར་གྱུར་ཟིན།
མདོར་ན་ལོ་རྒྱུས་ཀྱི་གནས་བབས་ནི་བྱུང་ཟིན་པ་ཞིག་ཡིན་པས་བཟང་ངན་གང་ཡིན་ཡང་བསྐྱར་དུ་བཅོས་ཐབས་མེད་ཀྱང་། ད་ལྟའི་ཆར་སོག་པོ་མང་ཆེ་བ་རྒྱ་དམར་གཞུང་གི་བཙན་འོག་ཏུ་ཡོད་པ་ནི། བོད་དང་གནས་སྟངས་གཅིག་མཚུངས་སུ་གྱུར་ཡོད་པས། མ་འོངས་པར་རྒྱ་དམར་གཞུང་ལ་ཁ་གཏད་གཅོག་རྒྱུའི་ཐོག་ནུས་པ་མཉམ་སྤུངས་བྱེད་ཐུབ་པ་བྱུང་ན་དེ་བས་གལ་ཆེ་བའི་གནད་དོན་གཅིག་ཀྱང་མེད། ལྷག་པར་དུ་ད་ལན་བོད་སོག་ཆིངས་ཡིག་བཞག་ནས་ལོ་༡༡༠ འཁོར་བ་དེ་ནི་ཆབ་སྲིད་ཀྱི་གནས་བབས་ཐོག་ནས། བོད་དང་། སོག་པོ་གཉིས་རྒྱ་ཁོངས་མ་ཡིན་པར་རང་བཙན་གཙང་མ་ཡིན་པའི་སྒྲུབ་བྱེད་ཉག་གཅིག་ཏུ་གྱུར་ཡོད་པ་འདི་ལོ་རྒྱུས་ཀྱི་གལ་གནད་ཆེན་པོ་ཡིན་པས། ཕྱོགས་གཉིས་ངོས་ནས་འདི་ལ་དྲན་གསོ་དང་འབྲེལ། འདས་པའི་འབྲེལ་བ་གཞི་རྩར་བཞག་ནས་མ་འོངས་པར་ཁ་ཕྱོགས་མ་ནོར་བར། རྒྱ་དམར་གཞུང་ལྟ་བུའི་བཙན་རྒྱལ་རིང་ལུགས་པའི་མནར་གཅོད་འོག་ནས་ཐར་ཐབས་བྱ་རྒྱུ་ནི་བཟློག་མེད་འགན་འཁྲི་ཞིག་ཏུ་གྱུར་ཡོད།།