བོད་སྨན་བསྟེན་ནས་ཏོག་དབྱིབས་ནད་པ་ཁག་ཅིག་དྲག་བསྐྱེད་བྱུང་ཡོད་འདུག
རྒྱ་གར་བྱང་ཕྱོགས་མངའ་སྡེ་ཧི་མ་ཅལ་གྱི་ས་གནས་ཌལ་ཧོར་དང་། བྱང་ཤར་མངའ་སྡེ་ཨ་རུ་ན་ཅལ་གྱི་ས་གནས་མོན་རྟ་དབང་གཉིས་ནང་། ཏོག་དབྱིབས་ནད་པ་ཡིན་པའི་བརྟག་དཔྱད་གྲུབ་དོན་ཐོན་པའི་ནད་པ་གསུམ་ལ། བོད་སྨན་སྤྲད་ནས་དྲག་བསྐྱེད་བྱུང་བའི་གནས་ཚུལ་འདུག
དེ་ཡང་མོན་རྟ་དབང་ཁུལ་དུ་རང་ལོ་༢༦ ཡིན་པའི་སློབ་མ་ཞིག་ལ་བརྟག་དཔྱད་མཇུག་འབྲས་ནད་རྟགས་མེད་པའི་ཏོག་དབྱིབས་ནད་པ་ཡིན་པ་ཐོན་འདུག་པ་དང་། ས་གནས་དེ་གའི་བོད་ཀྱི་སྨན་རྩིས་ཁང་གི་སྨན་པ་དང་འགན་འཛིན་བསྟན་འཛིན་དགེ་ལེགས་ལ་གནས་འདྲི་བྱས་པ་བརྒྱུད། ནད་པ་དེར་ཐོག་མར་རྒྱ་གར་གྱི་སྲོལ་རྒྱུན་སྨན་(Ayurvedic) དང་བོད་སྨན་ཟུང་འབྲེལ་སྤྲད་འདུག་པ་དང་། བརྟག་དཔྱད་ཐེངས་དང་པོར་ཏོག་དབྱིབས་ནད་པ་ཡིན་པ་རང་འཇག་ཐོན་ཡོད་འདུག དེའི་རྗེས་སུ་རྒྱ་གར་གྱི་སྲོལ་རྒྱུན་སྨན་དང་མཉམ་དུ་བོད་སྨན་ཤུགས་ཆེ་རུ་བཏང་བས། བརྟག་དཔྱད་ཐེངས་གཉིས་བྱས་པའི་གྲུབ་དོན་དུ། ཏོག་དབྱིབས་ནད་དུག་མེད་པ་ཐོན་ཡོད་པ་རེད་འདུག ནད་པ་དེར་ནད་རྟགས་མེད་པའི་གསལ་བསྒྲགས་བྱས་འདུག་ཀྱང་། སྨན་པ་བསྟན་འཛིན་དགེ་ལེགས་ཀྱིས་བརྗོད་དོན་ལ། ནད་པ་དེར་གློ་རྒྱག་པའི་ནད་རྟགས་ཐོན་ཡོད་སྐོར་བརྗོད་སོང་།
དེ་བཞིན་ཌལ་ཧོར་སྨན་རྩིས་ཁང་གི་སྨན་པ་བློ་བཟང་བཟོད་པས། ས་གནས་དེ་གའི་ནང་དུ་ཏོག་དབྱིབས་ནད་རྟགས་མེད་མཁན་གྱི་ནད་པ་གཅིག་དང་། ནད་རྟགས་ཅུང་ཡོད་མཁན་བཅས་གཉིས་བྱུང་ཡོད་པ་དང་། ནད་རྟགས་མེད་མཁན་དེར་བོད་སྨན་ཁོ་ན་སྤྲད་ནས་དྲག་བསྐྱེད་བྱུང་ཡོད་ཁར། ནད་རྟགས་ཅུང་ཡོད་མཁན་དེར་ཉིན་བཞི་ཙམ་རིང་བོད་སྨན་དང་ཕྱི་ལུགས་སྨན་ཟུང་འབྲེལ་གྱི་སྨན་བཅོས་བྱས་ཡོད་པ་དང་། དེ་རྗེས་བོད་སྨན་ཁོ་ནར་བསྟེན་ནས་དྲག་བསྐྱེད་བྱུང་ཡོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།