བོད་ཨ་མདོ་གཅན་ཚ་རྫོང་ནས་རང་སྲེག་རྒྱ་རྒོལ།

ཟླ་འདིའི་ཚེས་༡༩ ཉིན་བོད་མདོ་སྨད་རྨ་ལྷོ་གཅན་ཚ་ནས་དགེ་འདུན་པ་འཇམ་དབྱངས་བློ་གསལ་གྱིས་རང་ལུས་མེར་སྲེག་གིས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་ཏེ་སྐུ་གྲོངས་ཡོད་པའི་གནས་ཚུལ་འདུག

བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཟླ་འདིའི་ཚེས་༡༩ ཉིན་གྱི་ཞོགས་པ་བོད་མདོ་སྨད་གཅན་ཚ་རྫོང་གི་མི་དམངས་སྨན་ཁང་གི་ཉེ་འཁྲིས་སུ་གྲྭ་འཇམ་དབྱངས་བློ་གསལ་གྱིས་རྒྱ་ནག་ལ་ངོ་རྒོལ་ཆེད་རང་ལུས་མེར་སྲེག་བྱས་ཏེ། སྐུ་གྲོངས་ཡོད་འདུག ཁོང་གི་སྐུ་ཕུང་གཅན་ཚ་རྫོང་གི་ཉེན་རྟོག་པས་འཁྱེར་ནས། རྒྱ་ནག་གཞུང་གི་ཉེན་རྟོག་པ་དང་དམག་མིས་ས་གནས་སུ་དམ་དྲག་ཆེ་རུ་བཏང་ཡོད་འདུག ཁོང་གི་ནང་མི་གཅན་ཚ་རྫོང་ཉེན་རྟོག་ལས་ཁུངས་སུ་ཁོང་གི་སྐུ་ཕུང་ལེན་དུ་བསྐྱོད་ཡོད་འདུག་ཀྱང་། རྩིས་སྤྲད་བྱས་མེད་པ་རེད།
གྲྭ་འཇམ་དབྱངས་བློ་གསལ་ནི་མདོ་སྨད་མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཁུལ་གཅན་ཚ་རྫོང་གི་སྣང་ར་ཡུལ་ཚོའི་གྱེར་སྟེང་དགོན་པའི་གྲྭ་པ་ཡིན་པ་དང་། ཕ་ཡུལ་གཅན་ཚ་རྫོང་སྣང་ར་ཡུལ་ཚོ་ནས་ཡིན་འདུག །

གསར་འགོད་པ་ཆོས་ཉིད་འོད་ཟེར།