བོད་ བསྐྱར་གསོའི་ལས་འགུལ་གྱི་རོལ་དབྱངས་འདུ་འཛོམས།

ཟླ་འདིའི་ཚེས་༡༣ ཉིན་ནི་༸རྒྱལ་དབང་སྐུ་ཕྲེང་༡༣ པས་བོད་རང་བཙན་བསྐྱར་ནན་གྱི་གསལ་བསྒྲགས་སྤེལ་ནས་ལོ་༡༠༣ འཁོར་བའི་ཉིན་མོ་ཡིན་པ་དང་། དྷ་ས་བོད་ཀྱི་ཟློས་གར་ཚོགས་ཁང་དུ་བོད་རང་བཙན་སློབ་ཕྲུག་ཚོགས་པས་བོད་ཀྱི་ལོ་སར་དང་སྟབས་བསྟུན། “བོད་ བསྐྱར་གསོའི་”ཞེས་པའི་བརྗོད་གཞིའི་ཐོག རོལ་དབྱངས་འདུ་འཛོམས་ཀྱི་ལས་འགུལ་ཞིག་སྤེལ་ཡོད་པ་རེད།

tselha sftབོད་ བསྐྱར་གསོའི་ལས་འགུལ་ཐོག་གཙོ་བོ་བོད་ཀྱི་ས་ཁྲ་ཆེན་པོ་ཞིག་བཤམ་སྟོན་ཁྱབ་སྤེལ་བྱས་ཡོད་པ་དང་། ལས་འགུལ་དེའི་སྐོར་བོད་རང་བཙན་སློབ་ཕྲུག་ཚོགས་པའི་རྒྱ་གར་སྡེ་ཚན་གྱི་འགན་འཛིན་བསྟན་འཛིན་ཚེ་ལྷས་ངོ་སྤྲོད་གནང་དོན། “བོད་རང་བཙན་འཐབ་རྩོད་ཀྱི་ལས་འགུལ་ཁྲོད། ༡༩༡༣ ལོར་རྒྱལ་དབང་སྐུ་ཕྲེང་༡༣ པས་བོད་རང་བཙན་བསྐྱར་ནན་གྱི་གསལ་བསྒྲགས་ཉིན་མོ་དེ་ང་ཚོས་གལ་ཆེན་པོར་བརྩི་ཡི་ཡོད། འདི་ལོར་དམིགས་བསལ་ས་ཁྲ་བཤམ་སྟོན་གྱི་ལས་འགུལ་སྤེལ་དགོས་དོན་དེ། ས་ཁྲ་བོད་མི་ཚང་མས་བོད་ཆོལ་ཁ་གསུམ་གྱི་ས་ཆ་ཡིན་པ་ཤེས་ཀྱི་ཡོད་པ་རེད་མོད། རྒྱ་ནག་གིས་བོད་ཟེར་བ་དེ་བོད་རང་སྐྱོང་ལྗོངས་གཅིག་པུ་ཡིན་པར་བཤད་ནས། རྒྱལ་སྤྱིའི་བརྒྱུད་ལམ་ཐོག་ཏུ་དེ་སླེབས་བསྡད་ཡོད་པ་རེད། བོད་རང་བཙན་གཙང་མ་ཡིན་པ་དང་། བོད་ཀྱི་ལོ་རྒྱུས་ཐོག་ནས་བོད་ཀྱི་ས་ཁྲ་འདི་རེད་ལ། ༢༠༠༨ ལོའི་བོད་ཆོལ་ཁ་གསུམ་གྱི་ས་གནས་ཁྱོན་ཡོངས་ནས་རྒྱ་རྒོལ་ལས་འགུལ་སྤེལ་ཏེ། བོད་ཀྱི་ས་ཁྲ་གསལ་པོ་བཟོས་ཡོད་པ་རེད། དེ་བཞིན་༢༠༠༩ ལོ་ནས་བོད་མི་ཚོས་རང་ལུས་མེར་སྲེག་གི་རྒྱ་རྒོལ་དེ་བོད་ཆོལ་ཁ་གསུམ་ནས་བྱུང་ཡོད་པས། བོད་ཀྱི་ས་ཁྲ་དེ་འབུར་དུ་ཐོན་པ་བྱུང་ཡོད། ༢༠༠༨ ལོར་རྒྱལ་སྤྱིའི་གསར་འགོད་པས་བོད་ཀྱི་ས་ཁྲ་དེ་བོད་རང་སྐྱོང་ལྗོངས་གཅིག་པུ་ཡིན་པ་བསྟན་ཡོད་ནའང་། ད་ལྟའི་ཆར་བོད་ཀྱི་ས་ཁྲ་དེ་རྒྱལ་སྤྱིའི་ཐོག་ངོ་སྤྲོད་བཟོ་ཐུབ་ཀྱི་ཡོད་རེད་”ཅེས་གསུངས་སོང་།

བསྟན་འཛིན་ཚེ་ལྷས་ཕྱི་ཟླ་༢ ཚེས་༡༣ ཉིན་ལས་འགུལ་སྤེལ་དགོས་དོན་སྐོར་གསུང་དོན། ༸རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པའི་སྐབས་༡༩༡༡ ལོར་རྒྱ་ནག་མན་ཇུ་ཡིས་བོད་ལ་བཙན་འཛུལ་བྱས་ཏེ། ཁོང་རྒྱ་གར་དུ་སྐྱབས་བཅོལ་དུ་ཕེབས་དགོས་བྱུང་བ་དང་། དེའི་སྐབས་འཐབ་རྩོད་བྱས་ཏེ་ཁོང་ཕྱིར་བོད་དུ་ཕེབས་ཐུབ་པ་དང་༡༩༡༣ ལོར་བོད་རང་བཙན་བསྐྱར་ནན་གྱི་གསལ་བསྒྲགས་སྤེལ་ཐུབ་པའི་ནུས་པ་བྱུང་བ་རེད། ༡༩༥༩ ལོར་རྒྱ་ནག་གི་བཙན་འཛུལ་འོག་༸གོང་ས་སྐུ་ཕྲེང་༡༤ པ་རྒྱ་གར་ལ་སྐྱབས་བཅོལ་དུ་ཕེབས་དགོས་བྱུང་ཡོད་ནའང་། བོད་ཕྱི་ནང་གཉིས་ནས་བོད་དོན་འཐབ་རྩོད་བྱས་ཏེ། སྐུ་ཕྲེང་༡༤ པ་རྩེ་ཕོ་བྲང་པོ་ཏ་ལར་གདན་འདྲེན་ཞུ་ཐུབ་ཐབས་དང་། གཞིས་བྱེས་མཉམ་འཛོམས་ཡོང་བར་རེ་བ་བྱས་ཏེ། ལས་འགུལ་འདི་སྤེལ་གྱི་ཡོད་”ཅེས་གསུངས་སོང་།

tft2_13རོལ་དབྱངས་འདུ་འཛོམས་ཐོག་ཆེད་བཅར་བྱས་པའི་ཐང་སྟོང་གླུ་གར་ཚོགས་པའི་འགན་འཛིན་ཕུན་ཚོགས་ཚེ་རིང་ལ་དེར་མཉམ་ཞུགས་དགོས་དོན་སྐོར་བཅར་འདྲི་བྱས་པར། ཁོང་གིས། “བོད་ཀྱི་སྲོལ་རྒྱུན་གྱི་ལོ་སར་དེ་ཉམས་ཆག་འགྲོ་ཡི་ཡོད་པ་མཐོང་གི་འདུག དེ་རིང་ལོ་སར་ཚེས་༥ ལ་སླེབས་ཡོད་རེད། བཞུགས་སྒར་དྷ་རམ་ས་ལ་ཞེས་སྐྱབས་བཅོལ་བའི་བསྟི་གནས། ༧རྒྱལ་བ་རིན་པོ་ཆེ་བཞུགས་གནས་ས་ཆ་སྐད་གྲགས་ཆེན་པོ་རེད། ལོ་སར་དེ་གལ་ཆེན་པོ་རེད། ཚེས་༡ ཉིན་ནས་རྟེན་འབྲེལ་བཟང་ས་ནས་འགོ་ཡག་པོ་ཞིག་བཙུགས་ཐུབ་ན། ལོ་གཅིག་ཟླ་བ་༡༢ དེ་ཡག་པོ་ཞིག་ཡོང་གི་རེད། བོད་ཚེས་༥ ལ་བོད་རང་བཙན་སློབ་ཕྲུག་ཚོགས་པས་གོ་སྒྲིག་འདི་བྱས་ཡོད་པས། དེར་བོད་ཀྱི་སྲོལ་རྒྱུན་གྱི་གཞས་སྣ་ཁག་ཅིག་འཁྲབ་སྟོན་ཐུབ་ན་བསམ་ནས་ཡོང་བ་ཡིན་”ཞེས་གསུངས་སོང་།

ཁོང་གིས་མུ་མཐུད་གསུང་དོན། “ལོ་སར་གཅིག་པུ་མ་ཡིན་པར། བོད་རང་བཙན་སློབ་ཕྲུག་ཚོགས་པས་དུས་རྒྱུན་བོད་དོན་ལས་འགུལ་སྤེལ་གྱི་ཡོད་པ་རེད་ལ། ལོ་སར་སྐབས་མི་མང་པོ་འཛོམས་ཀྱི་རེད་བསམ་ནས་ལས་འགུལ་གྱི་ངོ་བོ་དང་འབྲེལ་བའི་རོལ་དབྱངས་དབྱངས་འདུ་འཛོམས་དེ་ཡག་པོ་འདུག་བསམ་ནས་མཉམ་ཞུགས་བྱས་པ་ཡིན་”ཞེས་གསུངས་སོང་།

༧རྒྱལ་དབང་སྐུ་ཕྲེང་༡༣ པས་བོད་རང་བཙན་བསྐྱར་ནན་གྱི་གསལ་བསྒྲགས་སྤེལ་ནས་ལོ་༡༠༠ འཁོར་བའི་ཉིན་མོ་ནས་འགོ་བཙུགས་ཏེ། བོད་རང་བཙན་སློབ་ཕྲུག་ཚོགས་པའི་བོད་རང་བཙན་སྐབས་ཀྱི་ཉིན་མོར་སྲུང་བརྩི་བྱེད་ཀྱི་ཡོད་པ་དང། ༢༠༡༤ ལོར་རྒྱ་བོད་བར་གྱི་ཆིངས་ཡིག་རྡོ་རིང་ཁྱབ་སྤེལ་གྱི་ལས་འགུལ། ༢༠༡༥ ལོར་བོད་ཀྱི་རྒྱལ་དར་ཁྱབ་སྤེལ་གྱི་ལས་འགུལ། འདི་ལོར་བོད་ཀྱི་ས་ཁྲ་ངོ་སྤྲོད་ཁྱབ་སྤེལ་གྱི་ལས་འགུལ་སྤེལ་ཡོད་པ་རེད།

རོལ་དབྱངས་འདུ་འཛོམས་དེའི་ཐོག་བོད་ཀྱི་སྲོལ་རྒྱུན་གཞས་སྣ་འཁྲབ་སྟོན་དང་། བོད་རང་བཙན་དང་འབྲེལ་བའི་གླུ་གཞས། དེང་དུས་ཀྱི་ཞབས་བྲོ་འཁྲབ་མཁན་སོགས་སྣ་ཚོགས་ཡོད་པ་དང་། དགོང་མོ་དེར་མི་མང་ཡང་ཧ་ཅང་མང་པོ་འདུ་འཛོམས་བྱུང་ཡོད་པ་རེད།།
གསར་འགོད་པ་ཆོས་ཉིད་འོད་ཟེར།