བོན་རིག་པའི་བགྲོ་གླེང་ཐེངས་གསུམ་པ་མཇུག་བསྒྲིལ་འདུག 

ཟླ་༩ པའི་ཚེས ༡༣ ནས་ཉིན་གྲངས་གཉིས་རིང་བོན་གྱི་གདན་ས་ཆེན་མོ་༧དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེ་རུ་བོན་རིག་པའི་བགྲོ་གླེང་ཐེངས་གསུམ་པ་དེ་འཚོགས་ཡོད་འདུག་ཅིང་། བགྲོ་གླེང་ཐོག་སྨན་རིའི་གླིང་དང་། ཁྲི་བརྟན་ནོར་བུ་རྩེ། སྨན་རིའི་བཙུན་དགོན། ཝཱ་ཎ་གཙུག་ལག་མཐོ་སློབ། སྔར་སྲོལ་གསོ་རིག་འབུམ་བཞིའི་སློབ་གྲྭ་བཅས་ཚོགས་སྡེ་མང་པོ་ཞིག་ནས་གཏམ་བཤད་པ་བཅུ་བཞི་ལྷག་གིས་མཉམ་ཞུགས་གནང་ཡོད་འདུག

ཚེས་༡༣ ཉིན་ཝཱ་ཎ་མཐོ་སློབ་ཀྱི་དགེ་རྒན་སྨན་རིའི་དགེ་བཤེས་ཕུན་ཚོགས་ཉི་མས་མཁན་སློབ་ཆོས་གསུམ་སྐབས་ངམ་སྟག་ར་ཀླུ་གོང་ཤི་བར་བཤད་པ་ལ་དཔྱད་པ་དང་། དགེ་བཤེས་སྐལ་བཟང་བློ་གསལ་ནས་དངོས་བསྐྱེད་པའི་བསྐྱེད་རིམ་གྱི་དོན་ལ་དཔྱད་པ། སྨན་རིའི་བཙུན་དགོན་རདྣ་སྨན་གླིང་གི་དགེ་བཤེས་བཙུན་མ་ཕུན་ཚོགས་ཚུལ་འཛིན་གྱིས་དགེ་སློབ་བར་གྱི་འབྲེལ་ལམ་སྐོར།  སྨན་དགེ་གནམ་གསས་གྲགས་པ་ནས་རང་འབྱུང་ཆུ་ཚན་གྱི་སྐོར། བཀའ་རམས་པ་ཚུལ་ཁྲིམས་ཡེ་ཤེས་ནས་མན་ངག་ལེའུ་བརྒྱད་པའི་གལ་གནད་ལ་དཔྱད་པ། བཀའ་རམས་པ་མཁྱེན་རབ་རྒྱ་མཚོ་ཡིས་བོན་གྱི་དཔེ་གཞུང་ལས་གསལ་བའི་རྗེ་རི་ཁྲོད་པའི་སྐོར་གྱི་ཐོག་མའི་དཔྱད་གླེང་། རྨ་རོང་ཚུལ་ཁྲིམས་རྒྱ་མཚོས་མ་རྒྱུད་ནང་གི་ཆེ་བཞི་མཆོག་ལྔ་ངོས་འཛིན་ཚུལ། སློབ་གཉེར་བ་མཐུ་སྟོབས་དབང་ཕྱུག་ནས་བོད་ཀྱི་ཁ་བཏགས་རིག་གནས་ལ་དཔྱད་གླེང་སོགས་ཀྱི་སྐོར་ལ་གཏམ་བཤད་དང་དྲི་བ་དྲིས་ལན་གནང་ཡོད་འདུག

ཚེས་༡༤ ཉིན་སྨན་པ་བཀའ་བཅུ་པ་དགེ་བཤེས་ཁྲི་གཙུག་ཡོན་ཏན་གྱིས་གཉིད་ཀྱི་ཞིང་ཁམས་ནས་རྨི་ལམ་བརྟག་ཐབས་གླེང་བ་དང་། སློབ་གཉེར་བ་ཚུལ་ཁྲིམས་རབ་བརྟན་གྱིས་བོན་ཆོས་དར་ཡུལ་གྱི་འདུ་གནས་གལ་ཆེན་གཙང་སྟོད་བྱེ་མ་གཡུང་དྲུང་གི་སྐོར། བཀའ་རམས་པ་གཡུང་དྲུང་གཙུག་ཕུད་ཀྱིས་སྔགས་ཨ་དཀར་བའི་ལུགས་ཀྱི་བསྐྱེད་རིམ་སྐོར་རོབ་ཙམ་གླེང་བ། ཧིན་དྷུ་གཙུག་ལག་སློབ་གྲྭ་ཆེན་མོའི་འབུམ་རམས་པའི་ཞིབ་འཇུག་སློབ་མ་རྔ་བ་ཀུན་བཟང་སྒྲོལ་མས་ལམ་རིམ་སུམ་བརྒྱ་པ་དང་དེའི་འགྱུར་སྐོར་གླེང་བ། རྩ་འཛིན་སློབ་དཔོན་དགེ་བཤེས་ཁྲི་ལྡེ་ཚུལ་ཁྲིམས་ཀྱིས་སྔགས་ནང་པའི་རྫོགས་རིམ་ལས་འཕྲོས་པའི་སྒྱུ་ལུས་སྐོར་ཅུང་ཙམ་གླེང་བ། བཤད་སྒྲུབ་འདུས་སྡེའི་དགེ་སྐོས་ལས་ཐོག་པ་གཙུག་ཕུད་རྒྱལ་མཚན་གྱིས་བདེན་གཉིས་ཀྱི་དབྱེ་གཞིའི་སྐོར་གླེང་བ་ཞེས་པའི་བརྗོད་གཞིའི་ཐོག་དྲི་བ་དྲིས་ལན་སོགས་གནང་ཡོད་འདུག

ཕྱི་ལོ་༢༠༠༢ ལོར་སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེའི་ལམ་སྟོན་འོག་བགྲེས་པོའི་འབེལ་གཏམ་རྩོམ་སྒྲིག་ལྷན་ཚོགས་ཀྱིས་གོ་སྒྲིག་ཞུས་ཏེ་བདུན་ཕྲག་རེར་བགྲོ་གླེང་རེ་འཚོག་གིན་ཡོད་ཅིང་།  ཕྱི་ལོ་༢༠༢༠ ལོར་བགྲེས་པོའི་འབེལ་གཏམ་རྩོམ་སྒྲིག་ལྷན་ཚོགས་ཀྱི་གོ་སྒྲིག་འོག་བོན་རིག་པའི་བགྲོ་གླེང་ཐེངས་དང་པོ་དེ་འགོ་འཛུགས་བྱས་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།