བྱ་ངན་དང་ནག་ཉེས་སོགས་ལ་རྒོལ་ཕོད་པའི་སྙིང་སྟོབས་མངའ་དགོས།

ཐུ་བྷོད་ཚང་་་ཐུ་བྷོད་མེ་ལྕེ།

༡༽ བོད་བཙན་པོའི་གདོང་དམར་ཚང་།

འཛམ་གླིང་ཡང་རྩེར་(Roof of the world) གནས་པའི་བོད་མཐོ་སྒང་བཙན་པོ་གདོང་དམར་ཚང་འདིའི་ས་བབ་དང་གནམ་གཤིས་དེ་བཞིན་རྫ་སྤང་སུ་རུ་ཆུ་བོ་གནས་ཆེན་ཡུལ་ལྗོངས་སོགས་ཀྱི་འཁོར་ཡུག་ལ་གཞིགས་ཚེ་ངོ་མ་ཆེས་མཛེས་སྡུག་ཡིད་དུ་འོང་བའི་ཡུལ་ལུང་ཞིག་ཡིན་པ་དང་སྐྱེ་བོ་སུ་འདྲ་ཞིག་ཡིན་རུང་གནས་དེ་ལ་ངོ་མི་མཚར་བ་དང་ཧ་མི་ལས་པ་ཧ་ལམ་མེད་ཅེས་བརྗོད་ན་མི་ཆོག་རྒྱུ་མེད་པའི་གནས་མཆོག་རྨད་བྱུང་ཞིག་ཡིན། གནས་མཆོག་དེ་ནི་འཛམ་གླིང་ཡང་རྩེར་ཆགས་ཡོད་པ་མ་ཟད་དེ་ལ་འཛམ་གླིང་གི་བྱང་སྣེ་གསུམ་པ་(Third Pole of the World) ཞེས་ཀྱང་ཀུན་གྱིས་འབོད་ཀྱི་ཡོད་པ་རེད། རྒྱུ་མཚན་གང་ལ་ཞེ་ན། སྤྱིར་འཛམ་བུ་གླིང་གི་ས་གོ་ལ་འདིའི་སྟེང་ལ་བྱང་ལྷོ་སྣེ་གཉིས་ལས་མེད་པ་དང་དེའངསྣེ་དེ་གཉིས་ནི་ཆེས་གཏོས་ཆེ་བའི་གངས་རི་དང་ཆུ་བོ་མང་པོའི་འབྱུང་ཁུངས་ཡིན་པས་རེད། དེ་བཞིན་མཐོ་སྒང་གི་བོད་དེ་ནི་གངས་རི་དང་ཆུ་བོ་མང་པོའི་འབྱུང་ཁུངས་ཡིན་ཞིང་དེར་འཛམ་གླིང་གི་མི་འབོར་ས་ཡ་མང་པོའི་འཚོ་གནས་ཀྱི་གཞི་བརྟེན་བགྱིད་ཀྱི་ཡོད། དེ་མ་ཚད་བོད་མཐོ་སྒང་(Tibetan Plateau) གི་གནམ་གཤིས་ཀྱི་འགྱུར་ལྡོག་དང་ཁོར་ཡུག་གི་འཁོར་འགྲོས་ལས་བོད་དང་བོད་ཀྱི་ཉེ་འཁོར་གྱི་ཡུལ་ལུང་ཙམ་མ་ཡིན་པ་སྤྱིར་འཛམ་བུ་གླིང་གི་གནམ་གཤིས་ཀྱི་འགྱུར་ལྡོག་དང་འཁོར་ཡུག་འགྱུར་འགྲོས་དག་ལ་རྐྱེན་ཆེན་པོ་བཟོ་ཡི་ཡོད་པ་ནི་དེང་དུས་ཀྱི་མཚན་རིག་པ་གྲགས་ཅན་ཚོས་བསྡོམས་ཚིག་བཀོད་ཡོད་པ་རེད།

གནས་ལུགས་དེ་དག་ལ་བརྟེན་ནས།

བོད་བཙན་པོའི་ཡུལ་ལུང་འདི་ལ་མིང་བྱང་འདྲ་མིན་བཀོལ་སྤྱོད་གནང་ཚུལ་ཡོད་པ་ནི། འཛམ་གླིང་གི་ཡང་རྩེ་(Roof of the World) དང་འཛམ་གླིང་གི་བྱང་སྣེ་གསུམ་པ་(Third Pole of the World) བོད་ཁ་བ་གངས་ཅན་ལྗོངས་(Snow Land) བོད་ཆོས་སྡེའི་ཞི་ཁམས་(Tibetan Peace-zone) མཐོ་སྒང་བོད་(Tibetan Plateau) གདོང་དམར་བོད་(Tibetan Red Face) ལ་སོགས་པ་མང་། མདོར་ན་འཛམ་གླིང་སྟེང་ལ་ཞིང་ཁམས་ཟེར་བ་ཞིག་ངོ་མ་ཡོད་གྱུར་ན་དེ་ནི་བོད་བཙན་པོ་ཚང་གི་མཐོ་སྒང་བོད་ཅེས་པ་འདི་ཡིན་པ་ལས་གཞན་ཞིག་གཏན་ནས་མེད་པར་སེམས།

༢༽  སྙིང་སྟོབས་ཀྱིས་རབ་ཏུ་ཕྱུག་པའི་བོད་བཙན་པོའི་དུས་སྐབས།

བོད་བཙན་པོའི་དུས་སྐབས་དེ་ནི་བོད་བཙན་པོའི་མྱི་རིགས་དང་རྒྱལ་ཁབ་གཉིས་ལ་ཆ་མཚོན་ན་ཆེས་སྐལ་བ་བཟང་བའི་དུས་རབས་ཤིག་ཡིན་ཞེས་བརྗོད་ན་མི་འགྲིག་རྒྱུ་མེད་པའི་དུས་བཟང་ཞིག་ཡིན་པ་རེད། གང་ལ་ཞེ་ན་སྐབས་དེ་དུས་ཀྱི་ང་ཚོའི་མེས་པོ་གོང་མ་རྣམས་ནི་ལུས་ལ་རྩལ་སྤྲུག་ཆེ་ཞིང་སྙིང་ལ་དཔའ་ངར་ཆེ་བ་དྲང་ཚུགས་བརྟན་ཞིང་སྙིང་སྟོབས་ཆེ་བ་ཤེས་རིག་བཀྲ་ཞིང་བློ་རྒྱ་ཡངས་བ་ལྷག་བསམ་ཆེ་ཞིང་ནུས་མཐུ་མངའ་བ་དགྲ་ལ་སྡང་ཞིང་གཉེན་ལ་བྱམས་བ་ཆོད་སེམས་གཏན་ཞིང་དྲན་རྩ་རྒོད་པ་དེ་བཞིན་རང་མྱི་རིགས་ལ་བློ་དཀར་ཞིང་རང་རྒྱལ་ཁབ་ལ་ཞེ་དུང་བ་ལ་སོགས་པ་མང་།

མདོར་ན།

ང་ཚོའི་མེས་པོ་གོང་མ་ཁོང་རྣམས་ནི་བཙན་པོ་གཉའ་ནས་གནོན་མཁན་གྱི་དགྲ་འདུལ་ཐོ་བ་དང་ཉམ་ཆུང་བྱམས་ཀྱིས་སྐྱོང་མཁན་གྱི་ཨ་མ་ལྟ་བུ་ཡིན་ལ་དྲང་བདེན་གོང་དུ་བཀུར་མཁན་དང་རུལ་སུངས་རྩད་གཞོམ་གནང་མཁན་གྱི་དཔའ་རྒོད་དག་དག་ཡིན།

དེར་བརྟེན། སྐལ་བཟང་གི་དུས་རབས་དེར་ང་ཚོའི་བཙན་པོ་རྣམས་ཀྱིས་དཀའ་སྡུག་ཁྲི་འབུམ་མང་པོ་གདོང་ནས་གཤགས་ཏེ་ཡོད་ཚད་བློས་བཏང་བགྱིས་ནས་རང་ས་རང་ཡུལ་དུ་རིག་གནས་ནང་འདྲེན་དང་ཕྱི་སྐྱེལ་སོགས་ལས་རང་ཡུལ་བོད་གངས་ཅན་ལྗོངས་སུ་ཆེས་ཕུལ་དུ་བྱུང་བའི་རྫོགས་ལྡན་གྱི་དུས་རབས་གསར་པ་ཞིག་གི་རྒྱ་སྒོ་ཕྱེས་ཡོད་པ་མ་ཟད། ཕྱིའི་ཡུལ་གྲུ་མང་མང་ཞིག་ཀྱང་དབང་འོག་ཏུ་བསྡུས་ཏེ་ཤར་ཨེ་ཤི་ཡའི་སུམ་གཉིས་ས་ཡི་ཐིག་ལེ་དབང་འོག་ཏུ་སྡུད་མཁན་གྱི་བཙན་པོ་ཞེས་འབོད། དེ་ནི་བོད་མྱི་རིགས་ཀྱི་རླབས་ཆེན་གྱི་གཟི་བརྗིད་དང་བོད་རྒྱལ་ཁབ་ཀྱི་ཕུལ་བྱུང་གི་ལེགས་སྐྱེས་རྣལ་མ་ཞིག་ཡིན་པས་བོད་བཙན་པོའི་མྱི་རབས་གསར་པ་ང་ཚོས་དེ་ཉིད་མི་ཉམ་པ་རྒྱུད་འཛིན་གནང་ཐུབ་དགོས་རྒྱུ་ནི་མེས་པོ་གོང་མས་ཞལ་ཆེམས་དང་མྱི་རབས་གསར་པ་ང་ཚོའི་གཡོལ་མེད་ཀྱི་འགན་འཁྲི་ངོ་མ་དེ་ཡིན་པ་འཁུམས།

༣༽ བོད་བཙན་པོའི་རྨུ་ཐག་བཅད་ཉེས་ཤོར་བའི་རྗེས།

སྙིང་སྟོབས་དང་དཔའ་རྩལ་ལྷག་བསམ་དང་བློ་རྒྱ་དྲང་ཚུགས་དང་ཆོད་སེམས་གུ་ཡངས་དང་རྣམ་དཔྱོད་དེ་བཞིན་ནུས་ཤུགས་སོགས་ཀྱིས་བཀླུབས་པའི་བོད་བཙན་པོའི་རྨུ་ཐག་དེ་ལས་བསྐོས་ངན་པའི་དབང་གིས་ལྷ་རྡོས་བཅད་ཉེས་ཤོར་ནས་བཟུང་ངན་པ་དགུ་འཛོམས་དང་འབངས་གྱེན་ལོག་ལས་བོད་མྱི་རིགས་ཀྱི་ལས་དབང་ལ་འཇིགས་རུང་གི་གོད་ཆགས་རྣམས་རིམ་བཞིན་བྱུང་འགོ་བརྩམས་ཏེ་བོད་མྱི་རིགས་དེ་ཉིད་ཉམ་རྒུད་དང་ནུས་མེད་ཁ་འཐོར་སྐྱོ་གདུང་སོགས་ཀྱི་མུན་པའི་བཙོན་ར་ལ་བརྫངས་སོང་ནི་རེད། དུས་ཡུན་གང་མཚམས་ཕྱིན་ཚར་བའི་སྐབས་དེར་བོད་ནང་ཁུལ་གྱི་ཆོས་བརྒྱུད་ཁག་སྟེ་ས་ཕག་རིན་གཙང་རྣམས་ནི་ཆེས་སྟོབས་ཤུགས་ཆེ་བའི་དབང་འཛིན་པར་གྱུར་ཡོད་ལ་དེ་དག་སོ་སོའི་ཁེ་ཕན་སླད་བོད་མྱི་རིགས་ལ་ཕན་གནོད་གཉིས་ཀའི་ལས་བགྱིས་ཡོད་པ་དང་དེ་ལས་བོད་མྱི་རིགས་ཀྱི་ལས་དབང་ལའང་བསྐྱར་དུ་དར་རྒུད་ཀྱི་ལེའུ་གསར་པ་ཞིག་གི་འགོ་བརྩམས་ཡོད་ནི་རེད།

དེ་ནས་༧རྒྱལ་དབང་སྐུ་ཕྲེང་རིམ་བྱོན་དང་མྱི་རབས་རྒན་པ་མང་དག་གིས་བོད་མྱི་རིགས་དང་རྒྱལ་ཁབ་ཀྱི་ཆེད་དུ་མཛད་པ་རྒྱ་ཆེ་བསྐྱངས་ཡོད་པ་དང་དམིགས་བསལ་༧རྒྱལ་དབང་སྐུ་ཕྲེང་ལྔ་པ་སྐབས་དེ་ཕྱི་ལོ་༡༦༤༢ ལོར་བོད་གཞུང་དགའ་ལྡན་ཕོ་བྲང་ཞེས་དབུ་བརྙེས་ནས་ཕྱི་ལོ་༢༠༡༡ ཟླ་བ་༨ ཚེས་༨ ཉིན་མོར་༧རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པས་ཆོས་སྲིད་གཉིས་ཀའི་འགན་དབང་ཡོངས་རྫོགས་དམངས་གཙོ་ཡང་དག་གི་ལམ་ཁ་བརྒྱུད་ནས་མང་མོས་ཀྱིས་བདམས་ཐོན་བྱུང་བའི་སྲིད་སྐྱོང་ལ་རྩིས་སྤྲོད་མ་གནང་བའི་བར་དུ་བོད་མྱི་རིགས་དང་རྒྱལ་ཁབ་གཉིས་ལ་མཛད་རྗེས་ནི་གཞལ་དུ་མེད་པའི་ཧ་ཅང་རྒྱ་ཆེ།

སྤྱིར་༧རྒྱལ་དབང་སྐུ་ཕྲེང་ན་རིམ་ཕལ་ཆེ་བས་བོད་མྱི་རིགས་དང་རྒྱལ་ཁབ་གཉིས་ལ་མཛད་གནང་བའི་ལེགས་སྐྱེས་དག་ལ་བསམ་ན་ངོ་མ་ཆེས་དགའ་འོས་པའི་བྱ་བཞག་ཅིག་ལོས་ཡིན་ཆོག དམིགས་བསལ་ཕྱི་ལོ་༡༩༤༩ ལོར་རྒྱ་དམར་གྱིས་རང་ཡུལ་ལ་བཙན་འཛུལ་བྱས་ནས་བཟུང་མཐའ་ཕྱི་ལོ་༡༩༥༩ ལོར་བོད་ཡུལ་བཙན་བཟུང་བགྱིས་་ཏེ་༧རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་མཆོག་དམར་པོ་སྒེར་གཅོད་གཞུང་གིས་སྡུག་རྩུབ་དང་མནར་གཅོད་ལས་བོད་ས་བཙན་བཟུང་དང་ཕུ་ནུ་མྱིང་སྲིང་དམར་གསོད། དགོན་པ་གཏོར་བཤིག་རིག་གཞུང་རྩ་མེད་སོགས་ཀྱི་རྐྱེན་ལས་རྒྱ་གར་དུ་བཙན་གྱིས་ཡུལ་གྱར་མ་གནང་ཐབས་མེད་བྱུང་བ་རེད། དེ་ནས་རིམ་བཞིན་བཀའ་དྲིན་ཆེ་བའི་སྐབས་དེའི་རྒྱ་གར་གཞུང་ངོས་ནས་རྒྱབ་སྐྱོར་གནང་བ་བཞིན་སློབ་གྲྭ་དང་གཞིས་ཆགས་དགོན་པ་སོགས་ག་ལེར་འཛུགས་སྐྲུན་གནང་སྟེ། དེ་ནས་རིམ་བཞིན་ཕྱིའི་སྟོབས་ཆེན་གྱི་རྒྱལ་ཁབ་ཁག་ལ་ཕེབས་ཐུབ་པ་བྱུང་ནས་བོད་མྱི་རིགས་ཀྱི་རྩ་དོན་དེ་འཛམ་གླིང་རྒྱལ་སྤྱིའི་གར་སྟེགས་སྟེང་ནས་འཛམ་གླིང་གི་མྱི་རྣམས་ལ་གོ་རྟོགས་གསར་པ་ཞིག་ཤུགས་ཆེ་ངང་ནས་སྤེལ་གནང་ཐུབ་པ་བྱུང་ཡོད།

ཕྱི་ལོ་༡༩༨༧ ཟླ་བ་༩ ཚེས་༢༡ ལོར་ཨ་རིའི་རྒྱལ་ས་Washington,D.C. ན་ཨ་རིའི་རྒྱལ་ཡོངས་ལྷན་ཚོགས་ནང་གནང་བའི་གྲོས་འཆར་ཞི་བའི་དོན་ཚན་ལྔ་(As a result, on September 21, 1987, at the Congressional Human Rights Caucus in Washington, D.C., I announced a Five Point Peace Plan for Tibet.) དང་དེ་བཞིན་ཕྱི་ལོ་༡༩༨༨ ཟླ་བ་༦ ཚེས་༡༥ ལོར་ཧྥ་རེན་སཱིའི་གྲོང་ཁྱེར་Strasbourg དུ་ཕྱི་གླིང་ཡུ་རོབ་གྲོས་ཚོགས་སུ་གནང་བའི་ཞི་བའི་གྲོས་འཆར་དོན་ཚན་བདུན་གནང་སྟེ་བོད་དོན་ལ་སྔར་བྱུང་མ་མྱོང་བའི་ཉིན་རེ་བཞིན་ཁྱབ་ཇེ་ཆེར་བྱུང་ཐུབ་ཡོད།

ཁོང་གིས་འཛམ་གླིང་སྤྱི་ཡོངས་ཀྱི་བདེ་སྡུག་དང་འཆམ་མཐུན་མཉམ་གནས་ཞི་བདེ་སོགས་ལ་རླབས་ཆེན་གྱི་དགོངས་གཞི་ཟབ་མོ་བསྐྱངས་བ་མ་ཟད། ཡང་སྒོས་སུ་བོད་མྱི་རིགས་ཀྱི་འཐབ་རྩོད་དེ་ཉིད་འཚེ་མེད་ཞི་བའི་འཐབ་རྩོད་ཀྱི་(Non Violence Movement) ལམ་ཁ་ནས་གནང་དགོས་པའི་ལམ་སྟོན་ཕེབས་པ་ལ་སོགས་ཀྱི་གནད་དོན་ལ་བརྟེན་ནས་མཐར་ཕྱི་ལོ་༡༩༨༩  ཟླ་བ་༡༢ ཚེས་༡༠ ཉིན་འཛམ་གླིང་ནོ་སྦེལ་གཟེངས་རྟགས་ཚོགས་པའི་ངོས་ནས་ཁོང་ལ་འཛམ་གླིང་ནོ་སྦེལ་ཞི་བདེའི་གཟེངས་རྟགས་གནང་འབུལ་ཞུས་ཡོད། དེས་མ་ཚད་ཁོང་ལ་འཛམ་གླིང་ཡུལ་གྲུ་ག་ས་ནས་ཨ་རིའི་གསེར་གྱི་གཟེངས་རྟགས་དང་ཆེ་བསྟོད་གཟེངས་རྟགས་ལ་སོགས་པ་གཙོས་ཆེས་གྲངས་ལས་འདས་པའི་གཟེངས་རྟགས་སྣ་མང་ཐོབ་དང་འཐོབ་བཞིན་ཡོད་པ་རེད།

ཆེས་ཉག་ཕྲ་བའི་བོད་མྱི་རིགས་དང་རྒྱལ་ཁབ་གཉིས་ཀྱི་ལས་དབང་སྐྱུར་མོ་ལ་ཆ་མཚོན་ན་ཁོང་ཉིད་དགུང་ལོ་༡༦ ནས་བཟུང་སྟེ་དུས་ད་ལྟའི་བར་དུ་སྙིང་སྟོབས་ལ་ནམ་ཡང་ཞུམ་པ་མེད་པའི་ངང་ནས་སྤྱིར་འཛམ་གླིང་ཡོངས་དང་ཡང་སྒོས་སུ་བོད་མྱི་རིགས་ཀྱི་ཆེད་དུ་མཛད་པ་བསྐྱངས་དང་སྐྱོང་བཞིན་པ་འཆིས། གནས་ལུགས་དེ་དག་ལ་བརྟེན། བོད་མྱི་རིགས་འཆི་བ་ལས་སྐྱབས་གནང་སྟེ་དེ་ལ་ཚེ་སྲོག་གསར་པ་ཞིག་གནང་བ་མ་ཟད་སྤྱིར་འཛམ་བུ་གླིང་ཡོངས་ལ་བྱམས་དང་སྙིང་རྗེ་བརྩེ་བ་གུ་ཡངས་བཟོད་སྒོམ་བསམ་ཤེས། དེ་བཞིན་ཞི་བདེ་དང་འཆམ་མཐུན་མཉམ་གནས་སོགས་ཀྱི་མཚན་ཉིད་རིག་པའི་གཞུང་ལུགས་ཆེན་མོ་ཞིག་གི་རྣམ་གཞག་གསར་གཏོད་གནང་བ་དེ་ནི་ཀུན་ཕན་རིང་ལུགས་ཀྱི་ཆེས་ཕུལ་དུ་བྱུང་བའི་ལེགས་སྐྱེས་ཤིག་ཡིན་ལ་དེ་ལས་ཤེས་ཐུབ་པ་ནི་ཁོང་ཉིད་ནི་འཛམ་གླིང་ན་རྣམ་དཔྱོད་ཀྱིས་རབ་ཏུ་ཕྱུག་པའི་རིག་པའི་རྒྱལ་པོ་དེ་ཡིན།

༤༽ རང་གཞུང་གི་བགྱིས་ཉེས་དག་ལ་ནག་ཉེས་འགེབས་སྲུང་གནང་བསྡད་ན་ང་ཚོ་ལ་ནམ་ཡང་ཕམ་ཁ་མ་གཏོགས་མེད།

དྲང་ཚུགས་དང་མྱི་གཤིས་བཟང་བ། སྙིང་སྟོབས་དང་བློ་རྒྱ་ཆེ་བ། གུ་ཡངས་དང་ཆོད་སེམས་བརྟན་པ་དཔའ་མཛངས་དང་ནུས་མཐུ་ཆེ་བ་དྲང་བདེན་ལ་དགའ་ཞིང་གཡོ་སྒྱུ་ལ་འཁོན་པ་རྒྱལ་ཞེན་ལ་བློ་དཀར་ཞིང་རྒྱལ་ཚོང་པ་ལ་ཞེ་གནག་པ་རང་མྱི་རིགས་ལ་གཅེས་ཤིང་དུང་བ་བཙན་པོ་གཉའ་ནས་གནོན་མཁན་དང་གཉོམ་ཆུང་བྱམས་ཀྱིས་སྐྱོང་མཁན་དེ་བཞིན་སྙིང་ལ་དཔའ་རྩལ་དང་ཞེ་ལ་སྟོབས་ཀྱིས་ཤན་ཡོད་པའི་ང་ཚོ་ནི་མེས་པོ་གོང་མ་ཁོང་རྣམས་ལས་མཆེད་པའི་བཙན་པོ་གདོང་དམར་ཚང་གི་མྱི་རབས་ཚ་རྒྱུད་དེ་ཡིན་པས་ང་ཚོས་ཁོང་རྣམས་པའི་རྣམ་ཤེས་ཀྱི་རྗེས་སུ་སྙེག་སྟེ་ལེགས་སྐྱེས་ཀྱི་བང་མཁར་དེ་གཏོར་ཞིག་བརླག་སོགས་མི་འཇུག་པ་ངེས་པར་དུ་རྒྱུན་འཛིན་གནང་ཐུབ་དགོས་རྒྱུ་དེ་ནི་ང་ཚོ་མྱི་རབས་གསར་པ་ཚོའི་འགན་འཁྲི་ནང་གི་ཨ་མ་དེ་ཡིན།

ད་ལྟའི་རང་གཞུང་གིས་གནང་བཞིན་པའི་ལས་དོན་ཆེ་འབྲིང་ཆུང་གསུམ་གང་གི་ཐོག་ལ་གཞིགས་ན་ཕལ་ཆེ་བ་ནི་ནོར་འཁྲུལ་དང་འཇིགས་རུང་ཕམ་ཁ་སོགས་ཀྱི་ངན་ལམ་ཐུ་མོ་ཞིག་ཏུ་འགྲོ་བཞིན་ཡོད་པ་དང་། གཙོ་ཆེ་བ་ཞིག་ནི་བོད་ཀྱི་བདག་པོ་ངོ་མ་གཞིས་ལུས་རྒྱ་ཆེ་མི་དམངས་རྣམས་ཀྱི་སེམས་ཁམས་སུ་རྨ་ཁ་བཟོ་བཞིན་ཡོད་པ་ཁོང་རྣམས་པའི་རེ་བ་བརླག་ཏུ་འཇུག་བཞིན་ཡོད་པ། ཁོང་རྣམས་པའི་སྙིང་སྟོབས་ཞུམ་དུ་འཇུག་བཞིན་ཡོད་པ་ཁོང་རྣམས་པས་རང་མྱི་རིགས་ལ་བཅངས་བའི་ལ་རྒྱ་དང་ལྷག་བསམ་རྒྱལ་ཞེན་སོགས་ལ་དོ་ཕོག་སྡུག་མོ་བཟོ་བཞིན་ཡོད་པ་དེ་བཞིན་ཁོང་རྣམས་པས་བོད་མྱི་རིགས་ལ་འཛིན་པའི་རང་མྱི་རིགས་རིང་ལུགས་ཀྱི་ལྟ་བ་སྲ་མོ་དེ་ལ་གུས་བཀུར་དང་ཆེ་མཐོང་བྲལ་ཏེ་རྡོག་རོལ་བཏང་དང་གཏོང་བཞིན་པ་འདི་དག་ནི་ད་ལྟ་ང་ཚོ་བཙན་བྱོལ་རང་གཞུང་ངམ་བཙན་བྱོལ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འཛིན་མཁན་ཕལ་ཆེ་བ་ཚོས་བྱེད་ལུགས་བགྱིད་སྟངས་ཤིག་ལས་གཞན་ཅི་ཡང་མེད་པའི་རྣམ་པ་ཤུགས་ཆེར་མངོན་ཡོང་གི་འདུག

བརྒྱ་བཤད་དང་སྟོང་བཤད་རུང་བོད་ཀྱི་བདག་པོ་གཞིས་ལུས་རྒྱ་ཆེ་མི་དམངས་ཚོས་རང་མྱི་རིགས་ལ་བཅངས་དང་འཆང་བཞིན་པའི་རེ་བ་དང་ལ་རྒྱ་རྒྱལ་ཞེན་ལྷག་བསམ་ཆོད་སེམས་སྒལ་ཚུགས་སྙིང་སྟོབས་དཔའ་ངར་རྣམས་རྒུད་པ་དང་ཞུམ་པ་མཐའ་ཡལ་བ་གྱུར་སོང་ན་དུས་དེ་ནས་བཟུང་སྟེ་ང་ཚོའི་ཡོད་ཚད་ཚར་སོང་ནི་རེད་ལ་དེ་ནི་ཆེས་གསབ་ཏུ་མེད་པའི་འཆི་མ་གསོན་གྱི་ལམ་ཁ་ནས་དཀའ་སྡུག་མང་མང་གདོང་ནས་ལེན་ཞོར་རང་མྱི་རིགས་ཀྱི་རང་དབང་གི་སླད་དུ་འཐབ་རྩོད་བགྱིས་དང་བགྱིད་བཞིན་ཡོད་པའི་ང་ཚོ་བོད་མྱི་རིགས་ཐམས་ཅད་ཀྱི་ཕམ་ཁ་སྡུག་ཤོས་དེ་ཡིན་པ་ངེས་པར་དུ་ཤེས་དགོས་ནི་རེད།

ད་ལྟ་རང་གཞུང་གི་མགོ་གཙོ་མིང་འཛིན་པ་གཙོས་ལས་ཀྱི་སྣེ་མོ་བ་ཕལ་ཆེ་བས་དགྲ་དགའ་གཉེན་སྡུག་གི་ལས་བཙོག་བྱས་དང་བྱེད་བཞིན་པ་མ་བཟད་དེ་དག་ནི་ང་ཚོའི་མེས་པོ་གོང་མ་རྣམས་ལ་ཨུ་ཚུགས་ཀྱི་ཐོག་ནས་ངོ་རྒོལ་གནང་བཞིན་པའི་བཟོ་འདྲ་ཞིག་ཀྱང་རེད། དཔེར་ན་གཡོ་སྒྱུ་དང་དྲན་འཕྲུལ་མགོ་བདེ་སྤྲེལ་ལད་ཧམ་བཤད་སྐྱག་རྫུན་དེ་བཞིན་དམངས་གཙོ་རྡོག་རོལ་དང་ཁྲིམས་མེད་ལུགས་མེད་ངང་སྒེར་གཅོད་ཀྱི་བྱ་ངན་འདི་དག་ནི་ང་ཚོ་ཚང་མས་མིག་མཐོང་ལག་ཟིན་རེད།  གནད་དོན་འདི་འདྲའི་སྐབས་མཚམས་སུ་བསླེབས་ཚར་ནའང་ད་རུང་ང་ཚོས་རིག་ན་མ་རིག་མདོག་མདོག་དང་གོ་ན་མ་གོ་མདོག་མདོག་ཤེས་ན་མ་ཤེས་མདོག་མདོག་ངང་འདུག་བསྡད་ན། དེ་ནས་ང་ཚོའི་མྱི་རིགས་ཀྱི་རེ་བ་དང་ཕུགས་འདུན་རྨི་ལམ་གཙོ་བོ་གཞིས་ལུས་རྒྱ་ཆེ་མི་དམངས་རྣམས་ཀྱི་མངོན་འདོད་སོགས་ནམ་ཡང་ལེགས་སྒྲུབ་དང་མངོན་གྱུར་བགྱིད་མི་ཐུབ།

སྤྱི་བཤད་ན་རྒྱལ་སྤྱིའི་ཁྲིམས་དང་སྒྲིག་གཞི་ལེགས་སྲུང་གནང་མཁན་གྱི་རྒྱལ་ཁབ་ཆེ་ཆུང་གང་འདྲ་ཞིག་ཡིན་ནའང་ཁོ་ཚོས་ཁྲིམས་སྒྲིག་ལ་གཞི་གནང་ནས་མྱི་རིགས་དེའི་གཞུང་འཛིན་པ་མཐོ་འགོ་གཙོ་ནས་དམའ་གད་མཁན་བར་སུས་ཁྲིམས་དང་སྒྲིག་གཞི་དེ་རྣམས་ལ་འགལ་བ་བགྱིས་ཚེ་དོ་བདག་སོ་སོའི་ནག་ཉེས་ལ་གཞིར་བཟུང་ནས་ཉེས་ཆད་གཅོད་རྒྱུའི་ལམ་ལུགས་ཡོད་ནི་རེད། དཔེར་ན་བཙོན་འཇུག་དང་ཕྱིར་ཕུད་འཕོ་འགྱུར་ཆད་པ་གནས་དབྱུང་གཏོང་བ་སོགས་མང་། དེ་ན། ང་ཚོའི་གཞུང་འདིས་བགྱིས་ཉེས་ལ་མི་འཛེམས་པ་མུ་མཐུད་ནས་ལམ་ལོག་ཏུ་སོང་ཚེ་གཙོ་བོ་བོད་མི་དམངས་ཀྱི་སྐུ་ཚབ་ཡིན་མཁན་གྱི་སྤྱི་འཐུས་ཚོས་གནད་དོན་དེ་འདྲ་ལ་ཕོད་པ་གསུམ་དང་སྙིང་སྟོབས་ཆེན་པོ་བཞིའི་སྒོ་ནས་རྒྱལ་སྤྱིའི་ཁྲིམས་སྒྲིག་བཞིན་གཞིར་བཟུང་གནང་ཐུབ་དགོས་པ་དེ་ནི་ཁྱེད་ཚོ་མི་དམངས་ཀྱི་སྐུ་ཚབ་ཡིན་པས་ཆ་ནས་ཟློག་མེད་ཀྱི་འགན་འཁྲི་རེད།

དེར་བརྟེན། གནད་དོན་ངན་པ་དེ་དག་བཟློག་ཆེད་ང་ཚོ་མྱི་རབས་གསར་པ་ཚོ་ལའང་འགན་འཁྲི་ཧ་ཅང་ཆེན་པོ་ཡོད་པ་དང་། དེ་ཉིད་ཁ་ལོ་བཟང་ཕྱོགས་སུ་བསྒྱུར་ཏེ་བོད་མྱི་རིགས་འདི་ཉིད་ཀྱི་བཙན་པོའི་རྣམ་ཤེས་དེ་ཉིད་སླར་ཡང་ང་ཚོའི་སེམས་ཁམས་སུ་བསུས་ནས་དེ་མཚམས་སྔར་ལས་ལྷག་པའི་འཕེལ་རྒྱས་དང་སྔོན་ཐོན་དེ་བཞིན་སྟོབས་འབྱོར་ཅན་གྱི་བོད་བཙན་པོའི་མྱི་རིགས་ཤིག་བསྐྱར་སྐྲུན་གནང་ཐུབ་ལ་དེ་ཉིད་གནང་ཆེད་ང་ཚོ་མྱི་རབས་གསར་པ་ཚོ་ལ་རྣམ་དཔྱོད་དང་བློ་རྒྱ་ཆོད་སེམས་སྟོབས་ཤུགས་ནུས་པ་འཇོན་ཐང་ཤེད་ཚན་སྒྱུ་རྩལ་སོགས་ཡོད་ཚད་མངའ་བ་ལགས་ན་རང་ཉིད་རང་ལ་ཡིད་ཆེས་དང་གདེང་ཚོད་སྤོབས་པ་གནང་ནས་ང་ཚོས་དེ་ཉིད་ལ་གཅེས་པ་འཛིན་ཏེ་བཀོལ་སྤྱོད་གནང་ཐུབ་རྒྱུ་ལ་འཆུག་མི་ཉེན།

གལ་ཏེ།

ཁྱེད་རང་ངོ་མ་བོད་མྱི་རིགས་ཀྱི་ལས་དབང་སྐྱུར་མོ་འདི་ལ་ཤ་ཚ་བ་དང་སྙིང་ཉེ་བ་གཅེས་པ་འཛིན་གྱི་ཡོད་ན། དེ་ན་དྲང་བདེན་གྱི་རྣམ་དཔྱོད་ཐོག་ནས་མྱི་རིགས་ཀྱི་ཆེད་དུ་ཕེབས་ཤོག་དང་དེ་ནི་ཁྱེད་ཀྱིས་རང་མྱི་རིགས་ལ་བཅངས་བའི་བློ་དཀར་ལྷག་བསམ་ངོ་མ་དེ་ཡིན་པ་མ་ཟད་ཁྱེད་ཉིད་མི་ཚེ་འདིར་བོད་མྱི་རིགས་ལ་སྐྱེས་ནས་མཐའ་ཤི་ཚར་སོང་ནའང་གོ་ཆེན་པོ་ཆོད་སོང་ནི་རེད།

༥༽ ང་ཚོས་མྱིའི་སྟོབས་ཤུགས་ལ་ཆེ་མཐོང་གནང་ན་མི་འགྲུབ་བྱ་བ་ཡོད་མི་སྲིད།

མདོར་ན།

དམངས་གཙོ་ནི་མི་དམངས་ཀྱི་བདེ་སྡུག་དང་མྱི་རིགས་ཀྱི་སྟོབས་ཤུགས་དེ་བཞིན་རྒྱལ་ཁབ་ཀྱི་འཕེལ་རྒྱས་གསུམ་གྱི་ཆེད་དུ་ཡིན་པ་ལས་གནས་སྐབས་ཀྱི་གཞུང་འཛིན་པ་དང་སྐབས་འཚོལ་རིང་ལུགས་པ་དེ་བཞིན་ས་འོག་དར་ཐག་འཐེན་མཁན་གྱི་ཟུར་པ་མིང་འཛིན་པ་དེ་ཚོ་རིགས་ཀྱི་ཁེ་ཕན་གྱི་ཆེད་དུ་གཏན་ནས་མིན་པ་ན་ང་ཚོ་རང་རིགས་ཀྱི་མི་སེར་ཚོས་རང་ཉིད་ལ་བདག་པའི་དམངས་གཙོའི་ཐོབ་ཐང་དང་འགན་འཁྲི་འཁུར་ནས་དམངས་གཙོའི་རིང་ལུགས་ལ་ཆེ་མཐོང་གནང་སྟེ་དེ་ཉིད་སྲུང་སྐྱོབ་དང་དར་སྤེལ་རྒྱུན་འཛིན་ལེགས་པོ་གནང་སྟེ་དམར་པོ་སྒེར་གཅོད་སྲིད་གཞུང་གི་བཙན་དབང་འོག་ནས་ང་ཚོའི་ཕུ་ནུ་མྱིང་སྲིང་རྣམས་ཀྱི་རང་དབང་དང་རང་ཡུལ་དེ་རང་བདག་གནང་ཐུབ་དགོས་པ་དེ་ནི་ང་ཚོ་མི་སེར་ཀུན་ལ་འགན་འཁྲི་ཡོད་པ་དང་དམིགས་བསལ་མྱི་རབས་གསར་པ་ང་ཚོ་ལ་དེ་ལས་ཀྱང་འགན་འཁྲི་ཆེ་བ་ཡོད་ལ། ནུས་པའང་དེ་ལས་ཀྱང་ཆེ་བ་བསྐྲུན་ཐུབ་པས་ན་ཚང་མ་རང་མགོ་གར་ཐོན་མི་གནང་བ་ཉག་ཕྲ་བའི་རང་མྱི་རིགས་ཀྱི་གནད་དོན་འདིའི་སླད་དུ་ལོངས་ཤོག་བྱ་འགུལ་སྤེལ་ཤོག་ནུས་སྟོབས་ངོམས་ཤོག

ཁྱེད་ཚོས་རང་རིགས་ནང་ཁུལ་གྱི་དྲང་བདེན་མིན་པའི་བྱ་འགུལ་རྣམས་ལ་ངོ་རྒོལ་མི་ཕོད་པ་ཕྱི་རོལ་ཡུལ་གྲུ་ནས་ཕྱིའི་དགྲ་བོ་ལ་དྲང་བདེན་གྱི་ཆེད་དུ་སྐད་ཅོར་ཆེན་པོ་རྒྱག་མདོག་གནང་བཞིན་པ་དེ་ནི་དོན་དངོས་ཐོག་ནས་བཤད་ན་དེ་ནི་བྱབ་ཆུང་གི་ལས་ཀ་འདྲ་ཞིག་ལས་མ་འདས།

རྒྱུ་མཚན་ནི།

ཕྱི་དགྲ་བརྒྱ་ལས་ནང་དགྲ་གཏེ་པོ་གཅིག་ཁེར་མ་དེ་ངན་ཆེ་བ་དང་ནང་བཀྲ་མ་ཤིས་ན་ཕྱི་དོན་མི་འགྲུབ། ནང་སེམས་མ་དུལ་ན་ཕྱི་ལུས་མི་བདེ་བ་ལ་སོགས་པ་མང་།  གལ་ཏེ་རྒྱུ་མཚན་རྣལ་མ་མང་ཙམ་ཤེས་འདོད་ན་འཛམ་གླིང་ནང་གི་སྔོན་ཐོན་མྱི་རིགས་དག་གི་ལོ་རྒྱུས་ལ་སློབ་སྦྱོང་བྱོས།།