བྱང་ཀོ་རི་ཡ་འདི་ལོའི་ཨོ་རྩལ་འགྲན་ཚོགས་ནང་མཉམ་ཞུགས་བྱེད་རྒྱུ་མིན་འདུག 

རྩེད་མོ་བ་རྣམས་ལ་ཏོག་དབྱིབས་ནད་དུག་བགོས་པའི་སེམས་འཚབ་ལ་བརྟེན་ནས། བྱང་ཀོ་རི་ཡས་འདི་ལོའི་ཨོ་རྩལ་འགྲན་ཚོགས་ལ་མཉམ་ཞུགས་བྱེད་རྒྱུ་མིན་པའི་གསལ་བསྒྲགས་སྤེལ་བ་དང་། དེ་བཞིན་འདི་ལོའི་ཨོ་རྩལ་འགྲན་ཚོགས་ལ་ཕྱིའི་རྒྱལ་ཁབ་ཁག་ནས་ལྟད་མོ་བ་སླེབས་ཆོག་གི་མེད་འདུག 

ཟླ་༤ པའི་ཚེས་༦ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། བྱང་ཀོ་རི་ཡས་གསལ་བསྒྲགས་ཤིག་སྤེལ་ནས། འདི་ལོའི་ཨོ་རྩལ་འགྲན་ཚོགས་སྐབས་སུ་བྱང་ཀོ་རི་ཡའི་རྩེད་མོ་བ་རྣམས་ཏོག་དབྱིབས་ནད་དུག་གི་ཛ་དྲག་གནས་སྟངས་ལ་སྲུང་སྐྱོབ་བྱེད་ཆེད་དུ། རྒྱལ་ཁབ་དེ་མཉམ་ཞུགས་བྱེད་རྒྱུ་མིན་སྐོར་བརྗོད་འདུག སྤྱིར་བཏང་ད་བར་བྱང་ཀོ་རི་ཡའི་ནང་ཏོག་དབྱིབས་ནད་དུག་གི་གནས་སྟངས་ཛ་དྲག་ཆགས་པའི་གནས་ཚུལ་ཐོན་མེད་ནའང་། ཆེད་ལས་པ་ཚོས་བྱང་ཀོ་རི་ཡ་གཞུང་གིས་རྒྱལ་ཁབ་དེར་ཏོག་དབྱིབས་ནད་དུག་གི་ནད་པ་གཅིག་ཀྱང་ཐོན་མེད་ཚུལ་བརྗོད་བཞིན་པ་དེར་ཡིད་ཆེས་བྱེད་ཀྱི་མེད་འདུག གང་ལྟར་ཉེ་བའི་ཟླ་ཤས་གོང་ནས་བྱང་ཀོ་རི་ཡ་ནང་དུ་དགོས་ངེས་ཀྱི་ཅ་དངོས་དང་ཟ་ཆས་དཀོན་པོ་ཆགས་ཡོད་པ་དང་ཉིན་རེའི་འཚོ་བར་བཀག་སྡོམ་དམ་པོ་ཡོད་སྐོར་བརྗོད་ནས་རོགས་ཚོགས་ལ་ལས་ཀ་བྱེད་མཁན་དང་གཞུང་ཚབ་ལས་བྱེད་མང་པོ་ཞིག་ཕྱིར་ཐོན་པའི་གནས་ཚུལ་འདུག 

དངོས་གནས་བྱས་ན་དབྱར་ཁའི་ཨོ་རྩལ་འགྲན་ཚོགས་དེ་ལོ་སྔོན་མར་ཉི་ཧོང་དུ་འཚོག་འཆར་ཡོད་ཀྱང་། ཏོག་དབྱིབས་ནད་དུག་ལ་བརྟེན་ནས་འགྲན་ཚོགས་དེ་རྒྱལ་སྤྱིའི་འགྲན་ཚོགས་ཆེན་པོ་གཞན་ལྟར་ལོ་གཅིག་རིང་ཕྱིར་འགྱངས་བྱས་ཡོད་པས། འདི་ལོའི་ཟླ་༧ པའི་ཚེས་༢༣ ནས་ཟླ་༨ པའི་ཚེས་༨ ཉིན་ཉི་ཧོང་དུ་འཚོག་གཏན་འཁེལ་ཡོད་པ་རེད་ལ། རྒྱལ་སྤྱིའི་ཨོ་རྩལ་ལྷན་ཚོགས་དང་། རྒྱལ་སྤྱིའི་དབང་པོ་སྐྱོན་ཅན་གྱི་ཨོ་རྩལ་ལྷན་ཚོགས། ཉི་ཧོང་དབུས་གཞུང་དང་ཉི་ཧོང་རྒྱལ་ས་ཀྲོག་ཀྱོ་གྲོང་ཁྱེར་སྲིད་གཞུང་། ཨོ་རྩལ་འགྲན་ཚོགས་ཀྱི་གོ་སྒྲིག་ཚོགས་ཆུང་བཅས་ནས་གྲོས་བསྡུར་བྱས་པའི་གྲུབ་དོན་དུ། རྒྱལ་སྤྱིའི་རྒྱལ་ཁབ་ཁག་གི་ཨོ་རྩལ་རྩེད་མོ་བ་རྣམས་དང་། ཉི་ཧོང་མི་མང་གི་བདེ་འཇགས་ཆེད་དུ། ཕྱིའི་རྒྱལ་ཁབ་ཁག་ལ་གནས་སྡོད་བྱེད་མཁན་གྱི་ལྟད་མོ་བ་རྣམས་ཡོང་འཇུག་རྒྱུ་མིན་པའི་ཐག་གཅོད་བྱས་ཡོད་འདུག འཛིན་བྱང་ཉོས་ཟིན་མཁན་རྣམས་ལ་དངུལ་འབབ་ཕྱིར་སློག་བྱེད་རྒྱུ་དང་། དེ་བཞིན་རྒྱུན་དུ་ཨོ་རྩལ་འགྲན་ཚོགས་རྗེས་སུ། དབང་པོ་སྐྱོན་ཅན་གྱི་ཨོ་རྩལ་འགྲན་ཚོགས་འཚོགས་ཀྱི་ཡོད་པ་ལྟར། ཐེངས་འདིར་དབང་པོ་སྐྱོན་ཅན་གྱི་ཨོ་རྩལ་འགྲན་ཚོགས་དེ་ཡང་ཟླ་༨ པའི་ཚེས་༢༤ ནས་ཟླ་༩ པའི་ཚེས་༥ བར་ཉི་ཧོང་དུ་འཚོག་གཏན་འཁེལ་ཡོད་པས། དེའི་སྐབས་སུ་ཕྱིའི་རྒྱལ་ཁབ་ཁག་ནས་ལྟད་མོ་བ་ཡོང་མི་ཆོག་པ་ཐག་གཅོད་བྱས་ཡོད་འདུག 

ཕྱི་ལོ་༡༩༨༨ ལོར་ལྷོ་ཀོ་རི་ཡར་ཨོ་རྩལ་འགྲན་ཚོགས་འཚོགས་སྐབས་སུ། བྱང་ཀོ་རི་ཡས་ངོ་རྒོལ་བྱས་ནས་མཉམ་ཞུགས་བྱས་མེད་པ་རེད།

གསར་འགོད་པ་སྐལ་བཟང་དོན་གྲུབ།