བྱང་ཀོ་རི་ཡའི་དམིགས་བསལ་སྦྱོང་བརྡར་ཡོད་མཁན་དམག་མི་རུ་ཁག་གཅིག་ཨུ་རུ་སུར་འབྱོར་ཟིན་འདུག
ཨུ་རུ་སུ་དང་བྱང་ཀོ་རི་ཡ་གཉིས་ཀྱི་བར་ཚོང་འབྲེལ་དང་དམག་དོན་སོགས་ཀྱི་ཐོག་ནས་འབྲེལ་ལམ་ཡག་པོ་ཡོད་ཅིང་། ད་ཆར་ཨུ་རུ་སུའི་དམག་མི་ཡིས་ཡུག་རེན་ལ་བཙན་འཛུལ་བྱེད་བཞིན་པའི་སྐབས་འདིར། བྱང་ཀོ་རི་ཡའི་དམག་མིས་ཨུ་རུ་སུའི་དམག་རྣམས་ལ་དཔུང་རོགས་ཆེད་དུ་བཏང་ནས་ད་ཆར་ཨུ་རུ་སུའི་ནང་དམིགས་བསལ་སྦྱོང་བརྡར་ཡོད་པའི་བྱང་ཀོ་རུ་ཡའི་དམག་མི་རུ་ཁག་གཅིག་ཨུ་རུ་སུའི་ནང་འབྱོར་ཟིན་ཡོད་འདུག
ཕྱི་ཚེས་༢༡ ཉིན་སྦི་སྦི་སི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ལྷོ་ཀོ་རི་ཡའི་གསང་བའི་ལས་ཁུངས་ཀྱིས་བརྗོད་ཡོད་པ་ཞིག་ལ། ལྷོ་ཀོ་རི་ཡའི་ཕྱི་སྲིད་བློན་ཆེན་གཞོན་པ་(Kim Hong-kyun)ཀིམ་ཧོང་ཀྱུན་གྱིས་ཨུ་རུ་སུའི་གཞུང་ཚབ་(Georgiy Zinoviev)དང་ཐུག་འཕྲད་བྱས་ནས་བྱང་ཀོ་རི་ཡའི་དམིགས་བསལ་དམག་སྦྱོང་ཡོད་པའི་དམག་མི་ཨུ་རུ་སུ་ལ་འབྱོར་བ་རྣམས་འཕྲལ་དུ་ཕྱིར་འཐེན་བྱེད་དགོས་པའི་རེ་འདུན་བཏོན་ཡོད་ཚུལ་དང་། དེ་བཞིན་དམིགས་བསལ་སྦྱོང་བརྡར་ཡོད་པའི་དམག་དཔུང་གི་དམག་མི་ཚུད་པའི་བྱང་ཀོ་རི་ཡའི་དམག་མི་ ༡,༥༠༠ ཙམ་ཨུ་རུ་སུར་འབྱོར་ཟིན་ཡོད་པར་རྗོད་ཀྱི་ཡོད་འདུག
ལྷོ་ཀོ་རི་ཡའི་ཕྱི་སྲིད་བློན་ཆེན་གཞོན་པ་ཀིམ་ཧོང་ཀྱུན་གྱིས་ཨུ་རུ་སུའི་གཞུང་ཚབ་དང་ཐུག་འཕྲད་སྐབས་སུ། བྱ་སྤྱོད་འདིར་སྐྱོན་བརྗོད་ནན་པོ་བྱས་ཡོད་འདུག་པ་དང་། དེ་འགོག་རྒོལ་ཆེད་དུ་ཐབས་ལམ་ཡོད་ཚད་འདོན་རྒྱུ་ཡིན་པའི་ཉེན་བརྡ་བཏང་ཡོད་འདུག་པས། ཨུ་རུ་སུའི་གཞུང་ཚབ་ཀྱིས་དེ་ལ་སེམས་འཚབ་ཡོད་སྐོར་བརྗོད་པ་མ་ཟད། རྒྱལ་ཁབ་གཉིས་ཀྱི་མཉམ་ལས་དེ་རྒྱལ་སྤྱིའི་ཁྲིམས་ལུགས་ཀྱི་སྒྲོམ་གཞིའི་ནང་ནས་མཉམ་ལས་བྱེད་ཀྱི་ཡོད་པར་བརྗོད་འདུག ཁོས་མཉམ་ལས་ཟེར་བ་དེ་གང་ལ་ཟེར་གྱི་ཡོད་མེད་གསལ་པོ་ཡོད་མི་འདུག་ལ། གཞུང་ཚབ་ཀྱིས་བྱང་ཀོ་རི་ཡས་ཨུ་རུ་སུའི་དམག་དཔུང་དང་མཉམ་དུ་དམག་འཐབ་བྱེད་པར་དམག་མི་བཏང་བའི་སྐོར་གྱི་ཉེས་འཛུགས་ལ་ངོས་ལེན་བྱས་ཡོད་མི་འདུག
གཟའ་ཟླ་བའི་རྗེས་སུ། ཨུ་རུ་སུའི་སྲིད་འཛིན་གྱི་མགྲིན་ཚབ་པ་(Dmitry Peskov)ཌི་མི་ཊ་རི་པེ་སི་ཁོ་ཕ་ཡིས་གསར་འགོད་པར་རྒྱལ་ཁབ་གཉིས་དབར་གྱི་མཉམ་ལས་དེ་རྒྱལ་ཁབ་གསུམ་པར་ཁ་གཏད་བཅག་པ་ཞིག་མིན་ཞེས་བརྗོད་ཡོད་འདུག ད་དུང་ཁོས་ཨུ་རུ་སུའི་གཞུང་འབྲེལ་གསར་འགྱུར་ལས་ཁང་(Tass)ཊསི་ལ། ཁོས་དེས་སུ་ལའང་སེམས་འཚབ་སྐྱེ་དགོས་དོན་མེད་ཅེས་བརྗོད་ཡོད་འདུག བྱང་ཀོ་རི་ཡས་སྐྱོན་འཛུགས་དེ་དག་ལ་བསམ་ཚུལ་གང་ཡང་བརྗོད་ཡོད་མི་འདུག
ལྷོ་ཀོ་རི་ཡས་སྔོན་མ་ནས་བྱང་ཀོ་རི་ཡས་ཨུ་རུ་སུ་དང་ཡུག་རེན་དམག་འཁྲུག་ནང་བེད་སྤྱོད་ཆེད་མཚོན་ཆ་མཁོ་སྤྲོད་བྱེད་ཀྱི་ཡོད་པའི་སྐྱོན་བརྗོད་བྱས་ཡོད་ཀྱང་། ད་ལྟའི་གནས་སྟངས་འདི་དམག་དོན་ཡོ་བྱད་སྤྲོད་ལེན་ཙམ་ལས་བརྒལ་ཡོད་པར་རྗོད་ཀྱི་ཡོད་འདུག ལྷོ་ཀོ་རི་ཡའི་བརྒྱུད་ལམ་ཁག་ཅིག་གིས་བྱང་ཀོ་རི་ཡའི་དམག་མི་ ༡༢,༠༠༠ ཙམ་འགྲེམས་འཇོག་བྱ་རྒྱུ་ཡིན་པའི་གནས་ཚུལ་སྤེལ་ཡོད་འདུག
ལྷོ་ཀོ་རི་ཡའི་ཕྱི་སྲིད་བློན་ཆེན་གཞོན་པ་ཀིམ་གྱིས་གཟའ་ཟླ་བའི་ཉིན་ལ་འདིས་ལྷོ་ཀོ་རི་ཡ་ཙམ་མ་ཟད། རྒྱལ་སྤྱིའི་སྤྱི་ཚོགས་ལའང་ཉེན་ཁ་ཚབས་ཆེན་པོ་བཟོ་གི་ཡོད་པ་རེད་ཅེས་བརྗོད་ཡོད་འདུག ཕྱི་ཟླ་དྲུག་པའི་ནང་ཨུ་རུ་སུ་དང་བྱང་ཀོ་རི་ཡའི་འགོ་ཁྲིད་གཉིས་ཀྱིས་བདེ་འཇགས་གྲོས་མཐུན་ཞིག་ལ་མཚན་རྟགས་བཀོད་དེ་རྒྱལ་ཁབ་གང་རུང་ལ་བཙན་རྒོལ་བྱུང་ཚེ་ཕན་ཚུན་རོགས་རམ་བྱ་རྒྱུའི་ཁས་ལེན་བྱས་པ་ནས་བཟུང་ཕན་ཚུན་དབར་གྱི་མཉམ་ལས་ཤུགས་ཆེ་རུ་བཏང་ཡོད་འདུག
བདུན་ཕྲག་སྔོན་མར་པུ་ཊིན་གྱིས་གྲོས་མཐུན་དེར་ཁྲིམས་མཐུན་བཟོས་པའི་ཁྲིམས་འཆར་ཞིག་བཏོན་ཡོད་འདུག་པ་དང་། གཟའ་ཟླ་བའི་ཉིན་བྱང་ཆིང་སྒྲིགས་འཛུགས་ཀྱི་དྲུང་ཆེ་(Mark Rutte)མཱཀ་རུ་ཊེ་ཡིས་བྱང་ཀོ་རི་ཡས་ཨུ་རུ་སུ་དང་མཉམ་དུ་དམག་འཐབ་ཆེད་དམག་མི་འགྲེམས་འཇོག་བྱས་པ་དེས་དམག་འཁྲུག་དེ་ཛ་དྲག་ཏུ་གཏོང་བའི་རྣམ་པ་གལ་ཆེན་ཞིག་མཚོན་གྱི་ཡོད་རེད་ཅེས་བརྗོད་འདུག
ཉིན་དེ་རང་དུ་(Mark Rutte)མཱཀ་རུ་ཊེ་དང་ལྷོ་ཀོ་རི་ཡའི་སྲིད་འཛིན་(Yoon Suk Yeol)ཡུན་སུག་ཡོལ་གཉིས་ཁ་པར་བརྒྱུད་གླེང་མོལ་སྐབས། ལྷོ་ཀོ་རི་ཡའི་སྲིད་འཛིན་གྱིས་མཐུན་གྲོགས་རྒྱལ་ཁབ་ཚོ་དང་ལྷན་དུ་མཉམ་རུབ་ཐོག་ནས་བདེ་འཇགས་སྲུང་སྐྱོབ་ཆེད་དུ་ཐབས་ལམ་འཚོལ་དགོས་པའི་རེ་འདུན་བཏོན་ཡོད་འདུག་པ་དང་། ལྷོ་ཀོ་རི་ཡ། ཡུག་རེན། དང་བྱང་ཆིངས་སྒྲིགས་འཛུགས་བཅས་དབར་གྱི་བདེ་འཇགས་མཉམ་ལས་ཤུགས་ཆེ་རུ་གཏོང་རྒྱུའི་གོམ་སྟབས་སྤོ་རྒྱུ་གལ་ཆེན་པོ་ཆགས་ཡོད་པར་བརྗོད་ཡོད་འདུག
དབྱིན་ཇིའི་ཕྱི་སྲིད་བློན་ཆེན་(David Lammy)ཌེ་ཝི་ཌི་ལམ་མི་ཡིས་ཨུ་རུ་སུའི་བྱ་སྤྱོད་དེ་བག་མེད་དང་ཁྲིམས་འགལ་ཡིན་པར་བརྗོད་ཡོད་འདུག ཨ་རི་དང་ཉི་ཧོང་གིས་ཀྱང་བྱང་ཀོ་རི་ཡ་དང་ཨུ་རུ་སུའི་དབར་གྱི་དམག་དོན་འབྲེལ་བ་ཟབ་ཏུ་འགྲོ་བཞིན་པར་སྐྱོན་བརྗོད་བྱས་འདུག བྱང་ཀོ་རི་ཡ་དང་ཨུ་རུ་སུའི་དབར་གྱི་མཉམ་ལས་སྐྱོན་འཛུགས་སྐོར་སྦི་སྦི་སིའི་དྲི་བ་ཞིག་ལ་ལན་འདེབས་ཀྱི་སྐབས་སུ། རྒྱ་ནག་གི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་(Lin Jian)ལིན་ཅཱན་གྱིས་རྒྱ་ནག་གིས་ཕྱོགས་ཚང་མའི་གནས་སྟངས་ཞི་འཇམ་དུ་གཏོང་བ་དང་། ཡུག་རེན་ནང་དམག་འཁྲུག་གི་རྩོད་རྙོག་ལ་ཐབས་ལམ་འཚོལ་བའི་ཐོག་ནས་སེལ་ཐབས་བྱེད་པའི་རེ་བ་བྱེད་ཀྱི་ཡོད་ཅེས་བརྗོད་འདུག
བདེ་འཇགས་མཁས་དབང་འགས་སྦི་སྦི་སི་ལ་བརྗོད་དོན། བྱང་ཀོ་རི་ཡས་དམག་འཁྲུག་དེའི་ནང་ཐེ་གཏོགས་བྱེད་པ་དེས་དམག་འཁྲུག་དེ་རྙོག་འཛིང་ཅན་དུ་གཏོང་སྲིད་པའི་བསམ་ཚུལ་བཏོན་འདུག་ལ། ཀོ་རི་ཡའི་རྒྱལ་ཁབ་ཐབས་བྱུས་བསྟི་གནས་ཁང་གིས་བྱང་ཀོ་རི་ཡའི་ཐེ་གཏོགས་དེས་དམག་འཁྲུག་ནང་རྒྱལ་སྤྱིའི་ཐེ་གཏོགས་ཆེ་རུ་འགྲོ་བའི་སྒོ་འབྱེད་སྲིད་པ་དང་། དེས་རྒྱལ་ཁབ་མང་པོ་འགུགས་སྲིད་ཅེས་བརྗོད་ཡོད་འདུག རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཨུ་རུ་སུ་དང་བྱང་ཀོ་རི་ཡ་གཉིས་ཀར་དཔལ་འབྱོར་གྱི་དམ་བསྒྲགས་དང་གནོན་ཤུགས་ཆེ་རུ་གཏོང་རྒྱུའི་ཉེན་ཁ་ཡོད་ཀྱང་། བྱང་ཀོ་རི་ཡའི་ཐེ་གཏོགས་དེས་རྒྱལ་ཁབ་གང་རུང་ལ་དོན་དངོས་སུ་ཁེ་ཕན་ཐོབ་མིན་ད་དུང་མཐོང་རྒྱུ་ལྷག་ཡོད་པར་བརྗོད་ཡོད་འདུག
གསར་འགོད་པ། བསོད་ནམས་ཕུན་ཚོགས།