བྱང་ཀོ་རི་ཡར་ཉེས་ཆད་ཆེན་པོ་ཕོགས་ཉེན་ཡོད་པ།
ཨ་རི་དང་རྒྱ་ནག་གཉིས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་སྲུང་ལྷན་ཚོགས་ལ། བྱང་ཀོ་རི་ཡར་ཉེས་ཆད་ཆེན་པོ་ཕོགས་ཆེད་དམིགས་ནས་ཉེས་ཆད་ཀྱི་གྲོས་གཞི་ཟིན་བྲིས་ཤིག་སྤྲད་ཡོད་འདུག
དེ་ཡང་འདི་ལོའི་ཟླ་༡ པོའི་ནང་བྱང་ཀོ་རི་ཡས་རྡུན་ཕྲན་མཚོན་ཆ་ཚོད་ལྟ་བྱས་པ་དང། ཟླ་༢ པའི་ནང་མེ་ཤུགས་ཕུར་མདའ་བཏང་བས། ལྷོ་ཀོ་རི་ཡ་དང་ཨ་རི་གཙོས་པའི་རྒྱལ་ཁབ་མང་པོས་ངོ་རྒོལ་དང་སྐྱོན་བརྗོད་ཤུགས་ཆེན་བྱས་ཡོད་པ་རེད།
ཨ་རི་དང་རྒྱ་ནག་གཉིས་ཀྱིས་བྱང་ཀོ་རི་ཡའི་བྱེད་སྟངས་དེ་རྒྱལ་སྤྱིའི་ཁྲིམས་ལུགས་དང་འགལ་བར་བརྗོད་ནས། ཉེས་ཆད་ཆེན་པོ་ཕོགས་ཉེན་ཡོད་པ་དང། ད་བར་ལོ་༢༠ ཡི་ནང་རྒྱལ་ཁབ་སུ་ལའང་ཉེས་ཆད་ཆེན་པོ་དེ་འདྲ་ཕོགས་མྱོང་མེད་སྐོར་འགྲེལ་བརྗོད་བྱས་འདུག་ཀྱང། བདུན་ཕྲག་འདིའི་མཐའ་མཇུག་ལ་ཉེས་ཆད་ཀྱི་གྲོས་གཞི་ཟིན་བྲིས་དེ་ཐོག་མར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་སྲུང་ལྷན་ཚོགས་ཀྱིས་གྲོས་བསྡུར་བྱས་ཏེ་མང་མོས་ཐག་གཅོད་ཐོབ་དགོས་པ་ཡིན་འདུག
ཉེས་ཆད་ཀྱི་ཟིན་བྲིས་ནང་དུ་བྱང་ཀོ་རི་ཡའི་རྒྱལ་ཁབ་ནང་དང་ཕྱི་ལ་འགྲོ་མཁན་དོ་སྐྱེལ་ཚང་མར་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྟོག་ཞིབ་བྱེད་རྒྱུ། བྱང་ཀོ་རི་ཡའི་གྲུ་གཟིངས་ཀྱིས་ཁྲིམས་འགལ་གྱི་ཅ་དངོས་ཁྱེར་ཡོད་པ་དོགས་པ་བྱུང་ཚེ། གྲུ་གཟིངས་དེ་དག་འཛམ་གླིང་གི་གྲུ་གཟིངས་འབབ་ཚུགས་ཚང་མ་ནས་བཀག་སྡོམ་བྱེད་རྒྱུ། མཚོན་ཆ་བཀག་སྡོམ་གྱི་ཁྲིམས་ནང་མཚོན་ཆ་ཆུང་ཆུང་རིགས་ཀྱང་བྱང་ཀོ་རི་ཡར་མཁོ་སྤྲོད་བྱེད་པར་བཀག་སྡོམ་བྱེད་རྒྱུ། དེ་བཞིན་གནམ་གྲུའི་སྣུམ་དང་མེ་ཤུགས་ཕུར་མདའི་སྣུམ་གྱི་མཁོ་སྤྲོད་བཀག་སྡོམ་བྱེད་རྒྱུ་བཅས་སོགས་བཀོད་ཡོད་འདུག
ཉེས་ཆད་ཟིན་བྲིས་དེར་རྒྱ་ནག་གིས་ཨ་རིར་རྒྱབ་སྐྱོར་བྱས་ཡོད་ཀྱང། བྱང་ཀོ་རི་ཡའི་ཚོང་ལས་བརྒྱ་ཆ་༩༠ ཙམ་རྒྱ་ནག་དང་རྒྱག་གི་ཡོད་པས། ཚོང་ལས་དེར་ཉེས་ཆད་གང་ཡང་ཕོགས་ཀྱི་མེད་པ་རེད་འདུག་ཀྱང། ལོ་ལྟར་བྱང་ཀོ་རི་ཡར་རྒྱ་རིགས་སྤྲོ་འཆམ་པ་སྟོང་ཕྲག་༣༠ ཙམ་གནམ་གྲུའི་ནང་ཡོང་གི་ཡོད་པས། གནམ་གྲུ་དང་མེ་ཤུགས་ཕུར་མདའི་སྣུམ་མཁོ་སྤྲོད་ཀྱི་ཉེས་ཆད་དེས་གྱོང་གུན་ཆེན་པོ་ཡོང་རྒྱུ་ཡིན་སྐོར་དཔལ་འབྱོར་དཔྱད་བརྗོད་པ་ཚོས་འགྲེལ་བརྗོད་བྱས་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།