བྱང་ཀོ་རི་ཡས་དམག་མི་ཁྲི་གཅིག་ཨུ་རུ་སུའི་ནང་བཏང་ཡོད་པ་ཨ་རིའི་བདེ་སྲུང་ལས་ཁུངས་ནས་བརྗོད་འདུག

The Hindu གསར་ལམ་གྱི་པར།

ཨུ་རུ་སུ་དང་ཡུག་རེན་གཉིས་བར་དམག་འཁྲུག་འགོ་བཙུགས་ནས་དུས་ཡུན་རིང་པོ་འགྲོ་བཞིན་ཡོད་པ་དང་། དུས་ཡུན་དེ་དག་གི་རིང་ཕྱོགས་གཉིས་ཀའི་དམག་མི་ཕོན་ཆེན་པོ་ཤི་རྨས་བྱུང་ཡོད་པ་གསང་བའི་ལས་ཁུངས་ཁག་གིས་རྗོད་ཀྱི་ཡོད། ད་ཆར་ཨུ་རུ་སུས་བྱང་ཀོ་རི་ཡ་ནས་དམག་མི་མང་པོ་དཔུང་རོགས་ལེན་གྱི་ཡོད་པ་ཨ་རིའི་བདེ་སྲུང་ལས་ཁུངས་ཀྱིས་བརྗོད་འདུག

ཕྱི་ཚེས་༢༩ ཉིན་(The Hindu)ཟེར་བའི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། གཟའ་ཟླ་བའི་ཉིན་ཨ་རིའི་བདེ་སྲུང་ལས་ཁུངས་(Pentagon)ནས་བྱང་ཀོ་རི་ཡའི་དམག་མི་༡༠༠༠༠ ཙམ་ཨུ་རུ་སུ་ནང་བཏང་ནས་དམག་སྦྱོང་བྱེད་བཞིིན་ཡོད་པ་དང་། བདུན་ཕྲག་འགའ་ཤས་རྗེས་སུ་ཡུག་རེན་ནང་དམག་འཁྲུག་ཁྲོད་དངོས་སུ་གཏོང་རྒྱུ་ཡིན་པར་བརྗོད་འདུག་ལ།  ནུབ་ཕྱོགས་རྒྱལ་ཁབ་ཚོས་གནད་དོན་དེ་ལ་བརྟེན་ནས་ཡུག་རེན་དང་ཨུ་རུ་སུ་གཉིས་བར་གྱི་དམག་འཁྲུག་དེ་ཕྱོགས་གཞན་ཞིག་ལ་ཁ་ཕྱོགས་བསྒྱུར་སྲིད་པའི་ཉེན་ཁ་མཐོང་གི་ཡོད་འདུག དེ་བཞིན་ཨ་རིའི་བདེ་སྲུང་ལས་ཁུངས་ནས་བྱང་ཀོ་རི་ཡའི་དམག་མི་ཉུང་ཤས་ཤིག་ད་ཆར་ཨུ་རུ་སུ་དང་ཡུག་རེན་གཉིས་བར་གྱི་དམག་སར་སླེབས་ཟིན་པར་བརྗོད་འདུག 

བདུན་ཕྲག་འདིིའི་གཟའ་ཟླ་བའི་ཉིན་བྱང་ཆིངས་སྒྲིག་འཛུགས་ཀྱི་དྲུང་ཆེ་(Mark Rutte)ཡིས་ཀྱང་དེ་སྔོན་ཡུག་རེན་གྱི་གསང་བའི་ལས་ཁུངས་ནས་བྱང་ཀོ་རི་ཡའི་དམག་མི་མང་པོ་ཞིག་ཨུ་རུ་སུའི་(Kursk )ས་ཁུལ་དུ་འབྱོར་ཟིན་ཡོད་ཚུལ་བརྗོད་པ་དག་བདེན་པ་ཡིན་པར་བརྗོད་ཡོད་འདུག བྱང་ཀོ་རི་ཡས་དམག་མི་ཕོན་ཆེན་པོ་ཡུག་རེན་ནང་བཏང་བ་དེ་འཛམ་གླིང་དམག་ཆེན་གཉིས་པའི་རྗེས་ཡུ་རོབ་ཀྱི་རྩོད་རྙོག་ཁྲོད་བྱང་ཀོ་རི་ཡའི་དམག་མི་བཏང་བ་ཐེངས་དང་པོ་ཡིན་པར་བརྗོད་འདུག་ལ། དེ་ཡིས་ཡུག་རེན་གྱི་མཐུན་ཕྱོགས་རྒྱལ་ཁབ་ཚོ་ནས་གོ་མཚོན་རོགས་རམ་དགོས་པའི་གནོད་ཤུགས་ཆེ་རུ་གཏོང་བཞིན་ཡོད་འདུག་ཅིང་།

ད་དུང་བྱང་ཀོ་རི་ཡའི་དམག་མི་ཨུ་རུ་སུ་ལ་བཏང་བ་དེས་ཀོ་རི་ཡའི་ལྷོ་བྱང་གཉིས་བར་གྱི་རྩོད་རྙོག་དེ་ཇེ་ཆེར་འགྲོ་སྲིད་པ་དང་། ཞི་བདེ་རྒྱ་མཚོའི་མངའ་ཁུལ་ནང་སྔར་ལས་རྩོད་རྙོག་ཇེ་ཆེར་འགྲོ་རྒྱུའི་ཉེན་ཁ་ཆེན་པོ་ཡོད་པ་ཡང་རྗོད་མཁན་ཡོད་འདུག ནུབ་ཕྱོགས་རྒྱལ་ཁབ་ཚོས་བརྗོད་དོན་ལ་ད་ཆར་ཨུ་རུ་སུའི་སྲིད་འཛིན་པུ་ཊིན་གྱིས་འཛམ་གླིང་ནང་རྒྱལ་ཁབ་ཕན་ཚུན་བར་གྱི་སྟོབས་ཤུགས་ཆེ་ཆུང་བར་གྱི་སྒྲོམ་གཞི་ལ་བསྐྱར་སྒྲིག་བྱེད་ཀྱི་ཡོད་པ་དང་། དེ་ཡང་ཉེ་ཆར་འཚོགས་པའི་(BRICS)ལྷན་ཚོགས་ཐོག་རྒྱ་ནག་དང་རྒྱ་གར་སོགས་ཀྱི་རྒྱལ་ཁབ་འདྲ་མིན་གྱི་འགོ་ཁྲིད་རྣམས་ཐུག་འཕྲད་བྱས་ཡོད་པར་བརྗོད་འདུག 

དེ་བཞིན་ཨི་རན་ནས་མི་མེད་གནམ་གྲུ་ཉོས་པ་དང་བྱང་ཀོ་རི་ཡ་ནས་དམག་མི་རོགས་རམ་བླངས་ནས་ནུབ་ཕྱོགས་རྒྱལ་ཁབ་ཚོ་ལ་ཁ་གཏད་གཅོག་གི་ཡོད་ཚུལ་བཤད། ཨ་རིའི་ཕྱི་སྲིད་དྲུང་ཆེ་(Antony Blinken)་དང་བདེ་སྲུང་དྲུང་ཆེ་(Lloyd Austin)གཉིས་ཀྱིས་བདུན་ཕྲག་རྗེས་མར་ལྷོ་ཀོ་རི་ཡའི་འགོ་ཁྲིད་དང་གནད་ཡོད་མི་སྣ་རྣམས་ཨ་རིའི་ནང་ཐུག་འཆར་ཡོད་འདུག་ལ།  སྐབས་དེ་དུས་བྱང་ཀོ་རི་ཡས་ཨུ་རུ་སུའི་ནང་དམག་མི་བཏང་བའི་གནད་དོན་སྐོར་དང་གཞན་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་བདེ་འཇགས་སོགས་ཀྱི་གནད་དོན་སྐོར་གྲོས་བསྡུར་བྱེད་འཆར་ཡོད་འདུག 

གསར་འགོད་པ། བསོད་ནམས་ཕུན་ཚོགས།