བྱང་ཀོ་རི་ཡས་ཨ་རི་དང་ལྷན་དུ་“དམག་འཁྲུག་དང་གྲོས་མོལ་”གཉིས་ཀ་བྱེད་པའི་གྲ་སྒྲིག་ཡོད་བཤད་འདུག
བྱང་ཀོ་རི་ཡའི་འགོ་ཁྲིད་ཁིམ་ཇོན་ཨུན་(Kim Jong-un)གྱིས་ཨ་རི་དང་ལྷན་དུ་“དམག་འཁྲུག་དང་གྲོས་མོལ་”གཉིས་ཀ་བྱེད་པའི་གྲ་སྒྲིག་ཡོད་ཚུལ་བརྗོད་འདུག
དེ་རིང་རེས་གཟའ་པ་སངས་ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་གསལ་ལྟར་ན། བྱང་ཀོ་རི་ཡའི་འགོ་ཁྲིད་ཁིམ་ཇོན་ཨུན་གྱིས་བྱང་ཀོ་རི་ཡའི་སྲིད་གཞུང་ལ་ཨ་རི་དང་ལྷན་དུ་“དམག་འཁྲུག་དང་གྲོས་མོལ་”གཉིས་ཀ་བྱེད་དགོས་པའི་བཀའ་བཏང་ཡོད་འདུག་ཅིང་། དེ་ནི་བྷ་ཌན་སྲིད་གཞུང་གི་བྱང་ཀོ་རི་ཡའི་སྲིད་བྱུས་གསར་པ་ཐད་ལ་བཏོན་པའི་རྣམ་འགྱུར་ཐོག་མ་དེ་ཆགས་ཡོད་འདུག
ཨ་རིའི་སྲིད་གཞུང་གསར་པས་ཟླ་བ་མང་པོའི་སྲིད་བྱུས་བསྐྱར་ཞིབ་ཅིག་བྱས་རྗེས། ཕྱི་ཟླ་ ༤ པའི་ནང་འདས་པའི་སྲིད་འཛིན་བཞིའི་རིང་བྱང་ཀོ་རི་ཡ་ལ་གྲོས་མོལ་དང་དཔལ་འབྱོར་ཉེས་ཆད་གཉིས་ཀ་བྱས་ཡོད་ན་ཡང་། རྡུལ་ཕྲན་མཚོན་ཆ་མེད་པ་བཟོ་ཐུབ་མེད་ཅེས་ཚུལ་བསྒྲགས་པའི་ཐོག སྲིད་འཛིན་བྷ་ཌན་གྱིས་གཟབ་ནན་གྱི་འབྲེལ་ལམ་བསྐྱར་གསོའི་སྲིད་བྱུས་འཛིན་རྒྱུ་ཡིན་ཚུལ་བཤད་ཡོད།
དེ་རིང་བྱང་ཀོ་རི་ཡའི་གཞུང་འབྲེལ་གསར་ཁང་ནས་སྤེལ་བའི་གནས་ཚུལ་ནང་། ཁ་སང་རེས་གཟའ་ཕུར་བུའི་ཉིན་འཚོགས་པའི་ཚོགས་འདུ་ཞིག་གི་ཐོག་ཏུ་འགོ་ཁྲིད་ཁིམ་ཇོན་ཨུན་གྱིས་བྷ་ཌན་སྲིད་གཞུང་ནས་བྱ་ཀོ་རི་ཡར་བཟུང་བའི་སྲིད་བྱུས་ལ་ཞིབ་འཇུག་གཏིང་ཟབ་དང་། གལ་གནད་གསལ་འདོན་བྱས་པ་མ་ཟད། “གྲོས་མོལ་དང་དམག་འཁྲུག་གཉིས་ཀའི་ཆེད་དུ་བྱ་སྒྲིག་ཨང་གསར་བྱེད་དགོས་པ་དང་། ལྷག་པར་དུ་དམག་འཁྲུག་ཆེད་དུ་གྲ་སྒྲིག་ཡང་དག་པ་བྱེད་དགོས་”པའི་ལམ་སྟོན་བྱས་ཡོད་འདུག
བདུན་ཕྲག་རྗེས་མར་བྷ་ཌན་སྲིད་གཞུང་གི་བྱང་ཀོ་རི་ཡའི་དམིགས་བསལ་སྐུ་ཚབ་གསར་པ་དེ་ལྷོ་ཀོ་རི་ཡར་ཕྱིན་ནས་ལྷོ་ཀོ་རི་ཡ་དང་ཉི་ཧོང་གི་འགོ་ཁྲིད་ཚོ་དང་ཐུག་འཕྲད་བྱེད་རྒྱུ་རེད་འདུག་པ་མ་ཟད། ཁོ་ཚོས་བྱང་ཀོ་རི་ཡའི་གནད་དོན་དེ་ཇི་ལྟར་སེལ་དགོས་མིན་ཐོག་གྲོས་བསྡུར་བྱེད་འཆར་ཡོད་འདུག
རྒྱལ་སྤྱིའི་ཚོགས་སྡེ་ཁག་ནས་བྱང་ཀོ་རི་ཡའི་ཐོག་ལ་དཔལ་འབྱོར་གྱི་ཉེས་ཆད་བཅད་དེ་བྱང་ཀོ་རིའི་དཔལ་འབྱོར་ལ་ཤིན་ཏུ་ཉམས་གུད་བྱུང་ཡོད་རུང་། བྱང་ཀོ་རི་ཡས་མུ་མཐུད་རྡུལ་ཕྲན་མཚོན་ཆ་རྒྱ་སྐྱེད་དང་ཡར་རྒྱས་གཏོང་བཞིན་ཡོད།
བྱང་ཀོ་རི་ཡའི་འགོ་ཁྲིད་ཁིམ་དང་ཨ་རིའི་སྲིད་འཛིན་བྷ་ཌན་གཉིས་ཀྱི་ད་བར་གྱི་འབྲེལ་ལམ་དེ་ཡག་པོ་ཞིག་བྱུང་མེད། ཨ་རིའི་འོས་བསྡུའི་གོང་དུ་སྐུ་ཞབས་བྷ་ཌན་གྱིས་ཁིམ་ལ་“ཇག་པ་”ཞེས་བོས་ཡོད་ལ། དེ་བཞིན་བྷ་ཌན་གྱི་དམ་འབུལ་བྱེད་པར་ཉིན་ཤས་ལས་མེད་པའི་སྔོན་དུ་བྱང་ཀོ་རི་ཡས་མེ་ཤུགས་འཕུར་མདའ་གསར་པ་ངོམ་ནས་ཨ་རི་ལ་རྫིག་ཉམས་བསྟན་ཡོད། །
གསར་འགོད་པ་དཀོན་མཆོག་རབ་བརྟན།