བྱང་ཀོ་རི་ཡས་ཨུ་རུ་སུ་ལ་དམག་མི་བཏང་ཡོད་པ་གཞུང་འབྲེལ་གྱིས་ངོས་ལེན་བྱས་ཡོད་འདུག 

དེ་རིང་བྱང་ཀོ་རི་ཡའི་གཞུང་གིས་ཐེངས་དང་པོ་ཨུ་རུ་སུ་ནང་བྱང་ཀོ་རི་ཡའི་དམག་མི་བཏང་ཡོད་པར་བརྗོད་འདུག་ལ། བྱང་ཀོ་རི་ཡའི་གཞུང་འབྲེལ་གསར་ཁང་ཞིག་གིས་བྱང་ཀོ་རི་ཡའི་དམག་མི་ཨུ་རུ་སུ་དང་ཡུག་རེན་གཉིས་ཀྱི་དམག་འཁྲུག་ཁྲོད་བཏང་བ་ནི་རྒྱལ་ཁབ་གཉིས་ཀྱི་གྲོས་མཐུན་གཞིར་བཞག་ཐོག་གཞུང་གིས་བཏང་ཡོད་པར་བརྗོད་འདུག

ཕྱི་ཚེས་༢༨ ཉིན་(Wion)གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། བྱང་ཀོ་རི་ཡའི་གསར་ཁང་(KCNA)ཟེར་བ་དེས། ཨུ་རུ་སུ་གཞུང་གིས་དམག་འཁྲུག་ཁྲོད་བྱང་ཀོ་རི་ཡའི་དམག་མི་ཡོད་པར་བརྗོད་རྗེས། དེ་རིང་ཕྱི་ཚེས་༢༨ ཉིན་བྱང་ཀོ་རི་ཡའི་གཞུང་གིས་ཨུ་རུ་སུ་ལ་དམག་མི་བཏང་ཡོད་པའི་ངོས་ལེན་བྱས་པའི་གནས་ཚུལ་བཀོད་ཡོད་འདུག་ལ།  ལྷོ་ཀོ་རི་ཡ་དང་ནུབ་ཕྱོགས་རྒྱལ་ཁབ་ཀྱི་གསང་བའི་ལས་ཁུངས་ཚོས། བྱང་ཀོ་རི་ཡའི་གཞུང་གིས་དམག་མི་༡༠༠༠༠ནས་༡༡༠༠༠ ཡུག་རེན་ནང་ལོ་སྔོན་མར་བཏང་ཡོད་པར་བརྗོད་འདུག  བྱང་ཀོ་རི་ཡའི་གཞུང་གིས་དམག་སྡེ་ཆུང་གྲས་ཤིག་ཡུག་རེན་གྱིས་ཨུ་རུ་སུའི་(Kursk)ཁར་སི་ཁེ་ས་ཁུལ་བཙན་བཟུང་བྱས་པ་དེ་བཅིངས་གྲོལ་གཏོང་ཆེད་དུ་བཏང་ཡོད་པ་དང་། ས་ཁུལ་དེ་ནས་རྒྱལ་ཁ་ཆེན་པོ་ཐོབ་ཡོད་ཚུལ་བརྗོད་འདུག

ཉེ་ཆར་གཟའ་སྤེན་པའི་ཉིན་ཨུ་རུ་སུའི་དམག་དཔོན་(Valery Gerasimov)ཟེར་བ་དེ་ཡིས་བྱང་ཀོ་རི་ཡའི་དམག་མི་རྣམས་ཀྱིས་ཡུག་རེན་དམག་མི་རྣམས་ཕྱིར་འཕུད་གཏོང་རྒྱུའི་ཐད་ནུས་པ་ཆེན་པོ་ཐོན་ཡོད་པར་བསྔགས་བརྗོད་བྱས་ཡོད་འདུག དེ་རྗེས་བྱང་ཀོ་རི་ཡའི་འགོ་ཁྲིད་(Kim Jong Un)ཀེམ་ཇོང་གིས་ཨུ་རུ་སུ་དང་བྱང་ཀོ་རི་ཡ་རྒྱལ་ཁབ་གཉིས་བར་བདེ་སྲུང་གྲོས་མཐུན་གཞིར་བཟུང་དམག་མི་བཏང་ཡོད་པར་བརྗོད་འདུག་ལ། དམག་སར་ཕྱིན་པའི་དམག་མི་རྣམས་ཀྱིས་བདེན་དོན་ཆེད་དུ་འཐབ་བརྩོད་བྱས་ཡོད་པར་བརྟེན། ཁོང་ཚོ་ནི་རང་ཡུལ་གྱི་གཟི་བརྗིད་ཡིན་པར་བརྗོད་འདུག དེ་བཞིན་འདས་གྲོངས་སུ་ཕྱིན་པའི་དམག་མི་རྣམས་ཀྱི་རྗེས་དྲན་ཆེད་དུ་བྱང་ཀོ་རི་ཡའི་རྒྱལ་སར་རྡོ་རིང་ཞིག་འཛུགས་རྒྱུ་ཡིན་པ་དང་། དེ་དག་གི་ནང་མི་རྣམས་ལ་གཞུང་གིས་རོགས་སྐྱོར་སྤྲོད་རྒྱུ་ཡིན་པར་བརྗོད་འདུག 

བྱང་ཀོ་རིའི་དམག་མི་ཨུ་རུ་སུ་ལ་བཏང་བ་དག་གིས་དེང་རབས་ཀྱི་དམག་འཐབ་མི་ཤེས་པའི་རྐྱེན་གྱིས་ཤི་རྨས་ཚབས་ཆེན་འབྱུང་གི་ཡོད་ཅིང་། སྐད་གོ་བརྡ་མི་འཕྲོད་པ་དང་། དམག་སྦྱོང་ཡག་པོ་རག་མེད་པ་སོགས་ཀྱིས་དམག་མི་ཕོན་ཆེན་པོ་ཤི་རྨས་ཚབས་ཆེན་པོ་བྱུང་ཡོད་པ་ཡུག་རེན་དང་ནུབ་ཕྱོགས་རྒྱལ་ཁབ་ཚོས་རྗོད་ཀྱི་ཡོད་འདུག ད་དུང་བྱང་ཀོ་རི་ཡའི་དམག་མི་༡༡༠༠༠ ནས་༡༢༠༠༠ ཙམ་ཞིག་ལ་དམག་སྦྱོང་ཚད་མཐོན་པོ་སྤྲད་ནས་གྲ་སྒྲིག་བྱེད་བཞིན་ཡོད་པ་དང་། དམག་མི་དེ་དག་ལ་གནའ་སྔོན་མའི་ཨུ་རུ་སུའི་སྤྱི་མཐུན་རྒྱལ་ཁབ་སྐབས་ཀྱི་དམག་འཐབ་སྐོར་དམག་སྦྱོང་སྤྲོད་བཞིན་ཡོད་པ་ཡུག་རེན་གྱི་འགོ་ཁྲིད་མཐོ་གྲས་ཤིག་གིས་བརྗོད་འདུག གཞན་ཡང་ཨ་རིའི་གཞུང་གིས་བྱང་ཀོ་རི་ཡའི་ངོས་ནས་ཡུག་རེན་ལ་བཙན་འཛུལ་བྱེད་བཞིན་པའི་ཉེས་ཅན་པ་དེ་དག་ལ་རྒྱབ་སྐྱོར་བྱེད་རྒྱུ་མཚམས་འཇོག་བྱས་ན་ལེགས་ཚུལ་བརྗོད་ཡོད་འདུག 

གསར་འགོ་པ། བསོད་ནམས་ཕུན་ཚོགས།