བྱང་ཀོ་རུ་ཡས་བཏང་བའི་གད་སྙིགས་ལྒང་ཕུག་ལྷོ་ཀོ་རུ་ཡའི་སྲིད་འཛིན་ལས་ཁུངས་ཀྱི་འགྲམ་དུ་བབས།
ཟླ་འདིའི་ཚེས་༢༤ ་ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། བྱང་ཀོ་རི་ཡས་གད་སྙིགས་ཐོགས་པའི་ལྒང་ཕུག་མང་པོ་ལྷོ་ཀོ་རུ་ཡའི་ཕྱོགས་སུ་བཏང་བ་དེ་ལྷོ་ཀོ་རི་ཡའི་སྲིད་འཛིན་ལས་ཁུངས་ཀྱི་ཉེ་འགྲམ་དུ་བབས་རྗེས་ཕྱོགས་གཉིས་ཕན་ཚུན་ཉེན་བརྡ་གཏོང་རེས་བྱས་ཡོད་འདུག
བྱང་ཀོ་རི་ཡས་གད་སྙིགས་ཐོགས་པའི་ལྒང་ཕུག་མང་པོོ་བཏང་བ་དེ་ལྷོ་ཀོ་རི་ཡའི་སྲིད་འཛིན་ལས་ཁུངས་ཀྱི་ས་ཆར་བབས་འདུག་ཀྱང་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་པའི་གནས་ཚུལ་འདུག ལྷོ་ཀོ་རི་ཡའི་དམག་དཔུང་གིས་བཤད་དོན་ལྟར་ན། གཟའ་ལྷག་པའི་ཉིན་བྱང་ཀོ་རི་ཡས་ལྷོ་ཀོ་རི་ཡའི་ཕྱོགས་སུ་གད་སྙིགས་ཐོགས་པའི་ལྒང་ཕུག་མང་པོ་གཏོང་བ་དེ་ས་མཚམས་བརྒལ་ནས་ལྷོ་ཀོ་རི་ཡའི་བྱང་ངོས་སུ་འཕུར་ཡོད་འདུག
རེས་གཟའ་ལྷག་པའི་ཉིན་བྱང་ཀོ་རི་ཡས་གད་སྙིགས་ཐོགས་པའི་ལྒང་ཕུག་བཏང་བ་དེ་ཕྱི་ཟླ་ལྔ་པའི་ཟླ་མཇུག་ནས་བཟུང་ཐེངས་༡༠ ་པ་ཆགས་ཡོད་འདུག། གད་སྙིགས་ཐོགས་པའི་ལྒང་ཕུག་གྲངས་༢༠༠༠ ་ལྷག་གི་ནང་ཤོག་རྙིང་དང་རས་ཆ་རྙིང་པ། བ་ལུད་སོགས་དངོས་པོ་སྣ་ཚོགས་ལྷོ་ཀོ་རི་ཡའི་ས་ཁུལ་དུ་གཡུགས་ཡོད་འདུག
བྱང་ཀོ་རི་ཡས་ཐེངས་འདིའི་ལྒང་ཕུག་བཏང་བ་ནི་ལྷོ་ཀོ་རི་ཡའི་ལས་འགུལ་བ་ཚོས་ཆབ་སྲིད་ཀྱི་དྲིལ་བསྒྲགས་ཅན་གྱི་ཤོག་བུ་དག་ལྒང་ཕུག་བེད་སྤྱོད་ནས་བྱང་ཀོ་རི་ཡ་ལ་བཏང་བར་ཡ་ལན་སློག་པ་ཞིག་ཡིན་ཞེས་བརྗོད།
གནས་ཚུལ་དབྱེ་ཞིབ་པ་ཚོས་བྱང་ཀོ་རི་ཡས་ལྷོ་ཀོ་རི་ཡའི་མི་སེར་ཚོས་(ལས་འགུལ་བ་ཚོ)་ཤོག་བུ་བཏང་བའི་བྱ་སྤྱོད་དེ་ཕྱི་ཕྱོགས་ཀྱི་གནས་ཚུལ་ནང་དུ་འཛུལ་བ་འགོག་པ་དང་། དབང་འཛིན་པའི་དབང་སྒྱུར་རྒྱུན་འཁྱོངས་བྱེད་པར་ཉེན་ཁ་ཆེན་པོ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་པར་ཡིད་ཆེས་བྱེད་ཀྱི་ཡོད་འདུག།
བྱང་ཀོ་རི་ཡས་མུ་མཐུད་ལྒང་ཕུག་གཏོང་བཞིན་པའི་ཡ་ལན་དུ། ལྷོ་ཀོ་རི་ཡས་རེས་གཟའ་ཉི་མའི་ཉིན། ཕྱོགས་གཉིས་ཀྱི་ས་མཚམས་ས་ཆ་གཙོ་བོ་ཚང་མར་བྱང་ཀོ་རི་ཡ་ལ་རྒྱབ་འགལ་གྱི་དྲིལ་བསྒྲགས་དག་སྐད་ཤུགས་ཆེན་པོས་རྒྱང་གྲགས་བརྒྱུད་བཏང་ཡོད་འདུག
རྒྱང་གྲགས་གཏོང་བ་དེ་ཉིན་༤༠ ་རིང་མཚམས་འཇོག་བྱས་རྗེས་གཟའ་ཕུར་བུའི་ཉིན་བསྐྱར་དུ་འགོ་བཙུགས་ཤིང་། རྒྱང་གྲགས་ནང་གཙོ་བོ་ཀེ་པོབ་(K-pop) ་གླུ་དབྱངས་དང་། ལྷོ་ཀོ་རི་ཡའི་དཔལ་འབྱོར་འཕེལ་རྒྱས་ཀྱི་གསར་འགྱུར། ཉེ་ཆར་བྱང་ཀོ་རི་ཡའི་གཞུང་ཚབ་གནས་རིམ་མཐོ་བོ་ཞིག་བྲོས་བྱོལ་དུ་ཕྱིན་པའི་གནས་ཚུལ།
ས་མཚམས་སུ་བྱང་ཀོ་རི་ཡའི་དམག་མིས་ས་འོག་འབར་རྫས་འཇོག་པའི་ལས་ཀ་དེ་”དམྱལ་བ་ལྟ་བུའི་བྲན་གཡོག་གི་མི་ཚེ་”ཞིག་ཏུ་འགྲེལ་བརྗོད་བྱས་ཡོད་པའི་གནས་ཚུལ། དེ་བཞིན་བྱང་ཀོ་རི་ཡས་ལྒང་ཕུག་གཏོང་བའི་ལས་འགུལ་མུ་མཐུད་སྤེལ་ཚེ་ལྷོ་ཀོ་རི་ཡའི་དམག་དཔུང་གིས་ཐབས་ཇུས་ཤུགས་ཆེ་བ་ལག་བསྟར་བྱ་རྒྱུའི་ཉེན་བརྡ་བཏང་ཡོད་པ་སོགས་ཚུད་ཡོད་འདུག
གཞན་ཡང་ཤུགས་རྐྱེན་ཆེ་བའི་བྱང་ཀོ་རི་ཡའི་དབུ་ཁྲིད་ཀིམ་ཇོང་ཨུན་གྱི་སྲིང་མོ་ཀིམ་ཡོ་ཇོང་(Kim Yo Jong) ་གིས་ལྷོ་ཀོ་རི་ཡའི་ལས་འགུལ་བ་ཚོས་ཤོག་བུ་(leaflet) ་བཏང་བར་དགག་ལན་གསར་པ་སྤེལ་རྒྱུའི་སྡིགས་ར་བསྐུལ་ཞིང་། ལྷོ་ཀོ་རི་ཡའི་བྱ་སྤྱོད་ཀྱི་རྒྱུ་འབྲས་ལ་གྲ་སྒྲིག་བྱེད་དགོས་པའི་ཉེན་བརྡ་བཏང་ཡོད་འདུག
གསར་འགོད་པ། བློ་བཟང་རྒྱ་མཚོ།