བྱང་ཀོ་རེ་ཡ་ལྟ་བུ་འགྱུར་བཞིན་པའི་ཞི་ཅིན་ཕིན་གྱིས་འགོ་ཁྲིད་པའི་ད་ལྟའི་རྒྱ་ནག 

ཉེ་ཆར་རྒྱ་ནག་གཞུང་གིས་མི་མང་གི་བདེ་འཇགས་སྲུང་སྐྱོབ་ཟེར་བའི་ཁྲིམས་འཆར་གཅིག་བཏོན་ནས་རྒྱ་ནག་གི་སྤྱི་ཚོགས་ཁྲོད། རྒྱལ་ཁབ་ཀྱི་མཚན་སྙན་ལ་གནོད་པའི་གྱོན་ཆས་རིགས་བཀག་སྡོམ་ཟེར་ནས་ནུབ་ཕྱོགས་པའི་གྱོན་ཆས་དང་རྒྱ་ནག་གིས་དགྲ་རུ་འཛིན་བཞིན་པའི་ཉི་ཧོང་གི་གྱོན་ཆས་རིགས་རྒྱ་ནག་ནང་བཀག་སྡོམ་བྱེད་འཆར་ཡོད་པ་དང་། ད་ཆར་ཡང་རྒྱ་ནག་གི་གསང་བ་རྐུན་མ་མི་ཤོར་བའི་ཆེད་དུ་ཡིན་ཚུལ་བརྗོད་ནས་ཀུ་ཤུ་ཁ་པར་བཀག་སྡོམ་བྱེད་བཞིན་ཡོད་པར་བརྟེན། རྒྱ་ནག་བྱང་ཀོ་རེ་ཡ་ལྟ་བུ་ཕྱི་ཕྱོགས་སུ་འབྲེལ་བ་རྩ་བ་ནས་མེད་པ་བཟོ་ཐབས་བྱེད་བཞིན་ཡོད་དམ་ཞེས་དྲི་བ་ཆེན་པོ་ཞིག་ཡིན་འདུག

ཕྱི་ཚེས་༩ ཉིན་སྦི་སྦི་སི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལ། རྒྱ་ནག་ནི་ཀུ་ཤུ་ཁ་པར་གྱི་ཁྲོམ་རྭ་འཛམ་གླིང་ནང་ཆེ་ཤོས་གསུམ་པ་དེ་ཡིན་པ་དང་། ལོ་སྔོན་མའི་ནང་ཁྱོན་ཡོང་འབབ་བརྒྱ་ཆ་༡༨ རྒྱ་ནག་ནས་ཡོང་གི་ཡོད་ཀྱང་། ད་ཆར་རྒྱ་ནག་ནང་ཀུ་ཤུ་ཁ་པར་བཀག་སྡོམ་བྱེད་བཞིན་པའི་རྐྱེན་གྱིས་འདས་པའི་ཉིན་གྲངས་གཉིས་རིང་ཀུ་ཤུའི་མ་རྐང་ཁྲོམ་རྭའི་ནང་ཨ་སྒོར་ཐེར་འབུམ་༢༠༠ ཙམ་གྱོང་གུད་ཕོག་ཡོད་འདུག (The Wall street journal)ཟེར་བའི་ཚགས་ཤོག་ཐོག་གཟའ་ལྷག་པའི་ཉིན་གནས་ཚུལ་ཐོན་གསལ་ལ། རྒྱ་ནག་གཞུང་གི་ལས་ཁུངས་ཁག་གི་ལས་བྱེད་རྣམས་ཀྱིས་ཀུ་ཤུ་ཁ་པར་ལས་ཁུངས་ནང་འཁྱེར་མི་ཆོག་པ་དང་། བེད་སྤྱོད་བྱེད་མི་ཆོག་ཅེས་བཀག་ཡོད་པ་དང་། རིམ་བཞིན་གཞུང་གི་སྟངས་འཛིན་འོག་ཏུ་ཡོད་པའི་ཚོང་གཉེར་ཁང་ཁག་གི་ལས་བྱེད་དག་ལ་ཡང་བཀག་སྡོམ་བྱེད་སྲིད་པ་ཡིན་འདུག བདུན་ཕྲག་འགའ་ཤས་སྔོན་ནས་ཀུ་ཤུ་ཁ་པར་བེད་སྤྱོད་མ་བྱེད་ཅེས་གཞུང་གིས་ལས་ཁུངས་ཁག་གི་འགན་འཛིན་རྣམས་ལ་བརྗོད་ཡོད་འདུག་ལ། དམིགས་བསལ་ཕྱི་རྒྱལ་ནས་བཟོས་པའི་ཀུ་ཤུ་རྣམས་བཀག་སྡོམ་བྱས་ཡོད་འདུག སྤྱིར་བཏང་གཞུང་གི་ཡན་ལག་ལས་ཁུངས་འགའ་ཤས་ནང་སྔོན་མ་ནས་བཀག་སྡོམ་བྱས་ཟིན་ཡང་། ད་ཆར་བཀག་སྡོམ་བྱེད་རྒྱུ་རྒྱ་ཆེ་རུ་གཏོང་གི་ཡོད་པར་བརྗོད་འདུག རྒྱ་ནག་ནང་ཀུ་ཤུ་ཁ་པར་༡༥ དེ་ཐོན་གྲབས་ཡོད་འདུག་པ་དང་། རྒྱ་ནག་རྒྱལ་ཡོངས་ནང་ཀུ་ཤུ་ཁ་པར་ཆ་ཚང་བཀག་སྡོམ་བྱེད་ཀྱི་ཡོད་མེད་ད་དུང་ཁ་གསལ་གང་ཡང་ཡོད་མི་འདུག རྒྱ་ནག་གཞུང་འབྲེལ་གྱི་སྤྱི་ཚོགས་དྲ་ལམ་ཐོག་མི་འགའ་ཤས་ཀྱིས་མཆན་བྲིས་ཡོད་པ་ལས་མི་ཞིག་གིས་ཁོང་ནི་རྒྱ་ནང་གཞུང་གི་ཚོང་གཉེར་ཁང་ཞིག་གི་ལས་མི་ཡིན་པ་དང་། གཞུང་གིས་ཁོང་ཚོར་བརྗོད་དོན་ལ་ཕྱི་ཟླ་༩ པའི་ཟླ་མཇུག་ཏུ་ཀུ་ཤུ་ཁ་པར་བེད་སྤྱོད་བྱེད་རྒྱུ་མཚམས་འཇོག་དགོས་ཞེས་བརྗོད་ཡོད་པར་མཆན་བྲིས་ཡོད་འདུག རྒྱ་ནག་ནི་ཀུ་ཤུ་རྟགས་ཅན་གྱི་དངོས་ཟོག་གི་ཁྲོམ་རྭ་ཆེ་ཤོས་གཅིག་ཡིན་འདུག་ཀྱང་། ད་ཆར་རྒྱ་གར་ནང་ཀུ་ཤུ་དངོས་ཟོག་བཟོ་སྐྲུན་བྱེད་རྒྱུ་ཧ་ཅང་མང་དུ་འགྲོ་བཞིན་ཡོད་འདུག རྒྱ་ནག་ནང་ཀུ་ཤུ་བཀག་སྡོམ་བྱེད་བཞིན་པ་དེ་ལ་ཀུ་ཤུ་ཚོང་གཉེར་ཁང་གིས་ད་ལྟ་གང་ཡང་བརྗོད་ཡོད་མི་འདུག ཀུ་ཤུ་ཚོང་གཉེར་ཁང་ནི་འཛམ་གླིང་ནང་མ་དངུལ་ཆེ་ཤོས་ཀྱི་ཚོང་གཉེར་ཁང་ཞིག་ཡིན་པ་དང་། ད་བར་ཨ་སྒོར་ཁྲག་ཁྲིག་ཆེན་པོ་༢་༨ ཡོད་འདུག ད་ཆར་ཨ་རྒྱ་གཉིས་བར་འབྲེལ་བ་ཡག་པོ་མེད་པའི་རྐྱེན་གྱིས་རྒྱལ་ཁབ་སོ་སོའི་འཕྲུལ་རིགས་ཚོང་ཟོག་བཀག་འགོག་བྱེད་རེས་བྱས་ནས་བཟོ་ཚོང་ཁག་མང་པོ་ཞིག་ལ་གྱོང་གུད་ཆེན་པོ་ཕོག་བཞིན་ཡོད་འདུག གཟའ་མིག་དམར་ཉིན་ཀུ་ཤུ་ཚོང་གཉེར་ཁང་གིས་ཀུ་ཤུ་ཁ་པར་གྱི་བདེ་འཇགས་གཞན་གྱིས་གཏོར་རྒོལ་བྱེད་ཐུབ་ཀྱི་ཡོད་པ་ཞིག་རྙེད་ནས། བདེ་འཇགས་སྲུང་སྐྱོབ་ཆེད་དུ་འཕྲུལ་རིགས་ཀྱི་བདེ་སྲུང་མ་ལག་གི་ནུས་ཤུགས་བཟང་བའི་ཀུ་ཤུ་ཐེངས་༡༥ པ་དེ་བཟོས་ཡོད་འདུག 

གསར་འགོད་པ། བསོད་ནམས་ཕུན་ཚོགས།