བྱང་ཆིངས་རྩ་འཛུགས་ཀྱིས་གདོང་ལེན་བྱེད་དགོས་པའི་གནས་ཚུལ་ལྔ།

ཟླ་འདིའི་ཚེས་༢༩ ཉིན་བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཏུར་ཁེ་(Turkey) རྒྱལ་ཁབ་ཀྱིས་ཧྤིན་ལན་དང་། སི་ཝེས་ཊན་གཉིས་བྱང་ཆིངས་རྩ་འཛུགས་ཀྱི་ནང་དུ་མཉམ་ཞུགས་བྱེད་རྒྱུ་ལ་རྒྱབ་སྐྱོར་བྱས་ཡོད་འདུག

ཨུ་རུ་སུས་ཡུག་རེན་ལ་བཙན་འཛུལ་མ་བྱས་པའི་གོང་དུ་ཧྥིན་ལན་མི་མང་བརྒྱ་ཆ་ཉི་ཤུ་ནས་ཉེར་ལྔ་བར་གྱིས་ཧྥིན་ལན་ཊ་བྱང་ཆིངས་རྩ་འཛུགས་ཀྱི་ནང་དུ་འཛུལ་རྒྱུ་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་ཀྱང་། བཙན་འཛུལ་གྱི་རྗེས་སུ་མི་མང་བརྒྱ་ཆ་བདུན་ཅུ་དོན་དགུས་རྒྱབ་སྐྱོར་བྱས་ཡོད་འདུག

དེ་བཞིན་ཨུ་རུ་སུས་ཡུག་རེན་ལ་བཙན་འཛུལ་བྱས་རྗེས་སི་ཝེས་ཊན་མི་མང་བརྒྱ་ཆ་དྲུག་ཅུ་ལྷག་གིས་བྱང་ཆིངས་རྩ་འཛུགས་ཀྱི་ནང་དུ་འཛུལ་རྒྱུར་རྒྱབ་སྐྱོར་བྱས་པར་བརྟེན། ལོ་འདིའི་ཕྱི་ཟླ་༥ པའི་ནང་དུ་རྒྱལ་ཁབ་དེ་གཉིས་ཀྱིས་བྱང་ཆིངས་རྩ་འཛུགས་ཀྱི་ནང་དུ་འཛུལ་རྒྱུའི་གསལ་བསྒྲགས་སྤེལ། ཡིན་ནའང་། བྱང་ཆིངས་རྩ་འཛུགས་ཀྱི་ཚོགས་མི་ཆགས་པར་ཚོགས་མི་རྒྱལ་ཁབ་སུམ་ཅུས་ཁས་ལེན་མ་བྱས་པར་འཛུལ་ཐབས་མེད་པས། སྐབས་དེར་ཏུར་ཁེ་རྒྱལ་ཁབ་ཀྱིས་ཁས་ལེན་བྱས་མེད་པའི་སྟབས་ཀྱིས་ད་བར་རྒྱལ་ཁབ་དེ་གཉིས་པོ་བྱང་ཆིངས་རྩ་འཛུགས་ཀྱི་ནང་དུ་མཉམ་ཞུགས་བྱེད་ཐུབ་མེད་པ་རེད།

ཟླ་འདིའི་ཚེས་༢༦ ཉིན་ཏུར་ཁེ་ཡི་སྲིད་འཛིན་དང་ཧྥིན་ལན་གྱི་སྲིད་འཛིན། སི་ཝེས་ཊན་གྱི་སྲིད་བློན་བཅས་ལྷན་འཛོམས་ཀྱིས་རྒྱལ་ཁབ་གསུམ་གྱི་བདེ་འཇགས་ཐོག་ཕན་ཚུན་སྲུང་སྐྱོབ་བྱེད་རེས་བྱེད་རྒྱུའི་ཆིངས་ཡིག་ཅིག་བཞག་རྗེས་ཏུར་ཁེ་རྒྱལ་ཁབ་ཀྱིས་རྒྱལ་ཁབ་དེ་གཉིས་བྱང་ཆིངས་རྩ་འཛུགས་ཀྱི་ནང་དུ་མཉམ་ཞུགས་བྱེད་རྒྱུ་ལ་རྒྱབ་སྐྱོར་བྱས་ཡོད་པའི་གནས་ཚུལ་ཐོན་འདུག

བྱང་ཆིངས་རྩ་འཛུགས་ཀྱི་ཚོགས་མིར་ཆགས་རྒྱུར་རྒྱལ་ཁབ་དེ་མང་གཙོའི་རྒྱལ་ཁབ་ཅིག་ཡིན་དགོས་པ་དང་། སྲིད་གཞུང་དེའི་འོོག་གི་གྲངས་ཉུང་མི་རིགས་ལ་དྲང་བདེན་གྱི་ཐོག་ནས་ལྟ་རྟོགས་བྱེད་དགོས་པ། རྩོད་རྙོང་གང་ཡིན་རུང་ཞི་བའི་ལམ་ནས་སེལ་དགོས་པ། རྒྱལ་ནང་ཐོན་སྐྱེད་ཕྱོགས་བསྡོམས་(GDP) ཀྱི་བརྒྱ་ཆ་གཉིས་བདེ་སྲུང་གི་དོན་དུ་གཏོང་དགོས་པ་མ་ཟད། རྩ་འཛུགས་ཉིད་ལ་དམག་གི་རྒྱབ་སྐྱོར་སྤྲད་དགོས་པ་སོགས་ཀྱི་ཆ་རྐྱེན་ཁག་གཅིག་ཚང་དགོས་ཀྱི་ཡོད་འདུག་ཀྱང་། ད་ལྟའི་ཆར་ཧྥིན་ལན་ཊི་ཡིས་རྒྱལ་ནང་ཐོན་སྐྱེད་ཕྱོགས་བསྡོམས་ཀྱི་བརྒྱ་ཆ་གཉིས་དེ་ལོན་གྱི་མེད་ནའང་། གང་མགྱོགས་ལོན་ཐུབ་པ་བྱེད་ཀྱི་ཡིན་སྐོར་བརྗོད་འདུག

རྒྱལ་ཁབ་གསུམ་བར་གྱི་དབུ་ཁྲིད་ཚོ་མཇལ་འཕྲད་དེ་ནི་བྱང་ཆིངས་རྩ་འཛུགས་ཀྱི་ལྷན་ཚོགས་དེ་མ་ཚོགས་པའི་སྔོན་དུ་འཚོགས་ཡོད་འདུག ཐེངས་འདིའི་བྱང་ཆིངས་རྩ་འཛུགས་ཀྱི་ལྷན་ཚོགས་དེ་ནི་ཟླ་༦ ཚེས་༢༨ ནས་ཉིན་གསུམ་གྱི་རིང་ཚོགས་རྒྱུ་ཡིན་པ་དང་། ལྷན་ཚོགས་དེ་ནི་འདས་པའི་མི་ལོ་༧༣ ནང་གི་དུས་སྐབས་གཉན་འཕྲང་ཆེ་ཤོས་སུ་ཁེལ་ཡོད་སྐོར་བརྗོད་འདུག ད་ལྟའི་ཆར་བྱང་ཆིངས་རྩ་འཛུགས་ཀྱི་གདོང་ལེན་བྱེད་དགོས་པའི་གནས་ཚུལ་ལྔ་ཞིག་ཡོད་པ་དང་། གནས་ཚུལ་དེ་དག་ནི་ཨུ་རུ་སུས་ཡུག་རེན་ལ་བཙན་འཛུལ་བྱས་ནས་ཟླ་བ་བཞི་ཟིན་ཡོད་ཀྱང་། དཀའ་རྙོག་དེ་ད་དུང་སེལ་མ་ཐུབ་པར་མུ་མཐུད་བཞིན་པ་དང་། བྱང་ཆིངས་རྩ་འཛུགས་ནི་འཛམ་གླིང་ཐོག་དམག་དོན་གྱི་སྒྲིག་འཛུགས་ཆེ་ཤོས་དེ་ཡིན་པ་དང་། ཚོགས་མི་རྒྱལ་ཁབ་གསུམ་ལ་རྡུལ་ཕྲན་མཚོན་ཆའི་གོ་མཚོན་ཡོད་

ཀྱང་ཨུ་རུ་སུ་དང་དམག་འཐབ་བྱེད་འདོད་མེད་པས་བྱང་ཆིངས་རྩ་འཛུགས་ཀྱི་དམག་གི་ནང་དུ་དངོས་སུ་མཉམ་ཞུགས་བྱེད་མི་དགོས་པའི་ཐོག་ནས་ཡུག་རེན་ལ་སྲུང་སྐྱོབ་ཀྱི་རོགས་རམ་ཇི་ལྟར་བྱེད་དགོས་པའི་གནད་དོན་དང་། གཞན་ཡང་ཧྥིན་ལན་དང་སི་ཝེས་ཊན་གཉིས་བྱང་ཆིངས་རྩ་འཛུགས་ཀྱི་ཚོགས་མི་ལ་ཁས་ལེན་བྱེད་དགོས་མིན་གྱི་གནད་དོན་བདེ་སྲུང་གི་ཐོག་ཏུ་ཚོགས་མི་ནང་ལོག་ལ་འགྲོ་སོང་གཅིག་མཚུངས་སུ་གཏོང་ཐུག་གི་མེད་པའི་དཀའ་ངལ་དང་། ཡུག་རེན་གྱི་གནད་དོན་གྱི་ཐོག་ཏུ་རྩ་འཛུགས་ཀྱི་ཚོགས་མི་རྣམས་ཆིག་སྒྲིལ་ཇི་ལྟར་བྱེད་དགོས་པ་སོགས་ཀྱི་དཀའ་ངལ་དག་ལ་གདོང་ལེན་བྱེད་དགོས་པའི་གནས་ཚུུལ་འདུག

བྱང་ཆིངས་རྩ་འཛུགས་ནི་འཛམ་གླིང་ཐོག་དམག་དོན་གྱི་སྒྲིག་འཛུགས་ཆེ་ཤོས་དེ་ཡིན་པ་དང་། དེ་ནི་ཕྱི་ལོ་༡༩༤༩ ལོར་གསར་འཛུགས་བྱས་ནས་གཙོ་བོ་ཨུ་རུ་སུའི་རྒྱ་སྐྱེད་ལ་ཁ་གཏད་དང་གདོང་ལེན་བྱེད་རྒྱུའི་དོན་དུ་བཙུགས་པ་ཞིག་ཡིན་འདུག འདས་པའི་མི་ལོ་༧༣ གྱི་རིང་ཐོག་མའི་ཚོགས་མི་རྒྱལ་ཁབ་བཅུ་གཉིས་ཡོད་པ་ནས་ད་ལྟའི་ཆར་ཚོགས་མི་རྒྱལ་ཁབ་ཁྱོན་བསྡོམ་སུམ་ཅུ་བར་འཕར་ཡོད་འདུག ཚོགས་མི་རྒྱལ་ཁབ་དེ་དག་ལས་ཚོགས་མི་རྒྱལ་ཁབ་ཉེར་བརྒྱད་ནི་ཡུ་རོབ་དང་ཚོགས་མི་རྒྱལ་ཁབ་གཉིས་ནི་བྱང་ཨ་རི་ནས་རེད་འདུག

གསར་འགོད་པ་བློ་བཟང་རྒྱ་མཚོ།