བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཆེན་ཐེངས་ ༢༢ པ་དབུ་འབྱེད་གནང་བ།

བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་བའི་པར།

ཕྱི་ལོ་༢༠༢༤ཟླ་༡༢ ཚེས་ ༨ ཉིན་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་དུ་རྟེན་གཞི་བྱས་པའི་ཨ་རིའི་མང་གཙོ་ཐེབས་རྩ་ཁང་གི་ཚོགས་ཁང་དུ་བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཆེན་ཐེངས་༢༢ པ་དེ་དབུ་འཛུགས་གནང་བ་དང་། སྐབས་དེའི་དབུ་འབྱེད་མཛད་སྒོར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་དབུས་པའི་བྱང་ཨ་རིའི་སྤྱི་མཐུན་ཚོགས་པ་༢༦ གི་ཚོགས་མི་༥༠ ལྷག་མཉམ་ཞུགས་གནང་ཡོད་འདུག ཐེངས་འདིར་ཚོགས་ཞུགས་པ་བོད་མི་མང་སྤྱི་འཐུས་བསྟན་འཛིན་འཇིགས་མེད་དང་དོན་གྲུབ་ཚེ་རིང་། དེ་བཞིན་ཨ་རིའི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་ཆོས་གྲུབ་བཅས་ནས་ཐེངས་འདིའི་ཚོགས་འདུའི་དགོས་དམིགས་དང་བྱེ་བྲག་ཏུ་ཨ་རིའི་ཆབ་སྲིད་འགྱུར་ལྡོག་དང་ཡོང་རྒྱུའི་སྐུའི་གོ་སྟོན་དང་འབྲེལ་ནས་ཐེངས་འདིའི་ཚོགས་ཆེན་གྱི་གལ་གནད་སོགས་གསུང་བཤད་གནང་འདུག བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ནས་ཐེངས་འདིའི་དབུ་འབྱེད་མཛད་སྒོའི་སྐབས་སུ་ཨ་རིའི་མང་གཙོ་ཐེབས་རྩ་ཁང་ནས་བོད་དོན་འཐབ་རྩོད་ཐོག་ཡུན་རིང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ནས་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་པ་ལྕམ་ནེན་སི་པེ་ལོ་སི་ལ་བོད་དོན་ལ་རྒྱབ་སྐྱོར་གཡོ་བ་མེད་པར་གནང་བར་ཆེ་བསྟོད་ཀྱི་མཛད་སྒོ་ཚོགས་འཆར་ཡོད་པ་སོགས་ཀྱི་བཀའ་སློབ་གནང་བ་དང་སྲིད་སྐྱོང་གིས་ཡོང་རྒྱུའི་ལོའི་སྐུའི་གོ་སྟོན་སྲུང་བརྩི་ཞུ་ཕྱོགས་དང་། དེ་བཞིན་ཨ་རིའི་གཞུང་འཛིན་ལ་འགྱུར་བ་ཐེབས་ཡོད་དུས། ཉེ་སྔོན་ཨ་རིའི་གཞུང་གིས་གཏན་འབེབས་གནང་བའི་བོད་དོན་ཁྲིམས་འཆར་གྱི་འཇུག་སྐྱོང་ལས་དོན་སྤེལ་ཕྱོགས། དེ་མཚུངས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་བཞག་ཡོང་ཐབས་ལ་ཚང་མས་ནུས་པ་མཉམ་སྤུངས་གནང་དགོས་པ་སོགས་ཀྱི་གསུང་བཤད་གྲུབ་མཚམས་དྲི་བ་དྲི་ལན་གྱི་ལས་རིམ་ཞིག་ཀྱང་གནང་ཡོད་འདུག དེ་བཞིན་ཐེངས་འདིའི་ཚོགས་ཆེན་ཐེངས་༢༢ པ་དེ་བྱང་ཨ་རིའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་དང་རྒྱལ་སའི་མངའ་ཁུལ་གྱི་བོད་རིགས་སྤྱི་མཐུན་ཚོགས་པ་གཉིས་ཟུང་འབྲེལ་གྱི་ཐོག་ནས་གོ་སྒྲིག་གནང་བ་ཞིག་རེད་འདུག གཞན་ཡང་ཕྱི་ཚེས་༩ ཉིན་གྱི་དགོང་དྲོར་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་དུ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་བདེན་པའི་སྒྲོན་མེའི་གཟེངས་རྟགས་དེ་ཡུན་རིང་ནས་བོད་དོན་རྒྱབ་སྐྱོར་བ་དང་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་པ་ལྕམ་ནན་སི་པེ་ལོ་སི་ལ་ཕུལ་ཡོད་འདུག

གསར་འགོད་པ། བསྟན་འཛིན་ཆོས་དབྱངས།