བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པའི་བརྟན་བཞུགས་དང་༧གོང་ས་མཆོག་གི་མཛད་རིམ་གཞན་ཁག་ཅིག
ཟླ་བ་འདིའི་ཚེས་ ༢༠ ཉིན་ཁེ་ན་ཌ་གངས་ལྗོངས་ཆོས་ལྡན་གླིང་ཚོགས་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་དབུ་བཞུགས་ཐོག ཉེ་ཆར་ཨ་རིའི་གཞུང་གིས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་ཡིག་གཏན་འབེབས་གནང་དང་། ཁེ་ན་ཌའི་གྲོས་ཚོགས་འོག་མས་སྤྱི་མོས་ཐོག་བོད་མིར་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ཡོད་པའི་ངོས་འཛིན་གནང་བའི་གྲོས་ཆོད་གཏན་འབེབས་གནང་བའི་དགའ་སྟོན་གྱི་མཛད་སྒོ་ཞིག་ཚོགས་འདུག་པ་དང་། སྐབས་དེར་བྱང་ཨ་རིའི་དོན་གཅོད་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཞབས་པུས་སྨན་བཅོས་ལེགས་གྲུབ་བྱུང་རྗེས། ད་ཆར་སྐུ་ངལ་གསོ་བཞིན་བཞུགས་མུས་ཡིན་པ་དང་། དགའ་ལྡན་ཕོ་བྲང་དང་སྐུའི་བླ་སྨན་པས་མགོན་པོ་༸གང་གི་སྐུའི་འཕྲོད་བཞེས་ཉིན་རེ་ནས་ཉིན་རེར་དང་སྐྱེད་འབྱུང་གི་འདུག་ཅེས་གསུངས་པ་གསལ་བསྒྲགས་དང་འབྲེལ། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལོ་ ༧ རྗེས་སུ་ཨ་རིར་ཞབས་སོར་འཁོད་པའི་དུས་སྐབས་དང་བསྟུན་ནས། བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པ་ཐུན་མོང་གི་རེ་འདུན་བཞིན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུའི་གསོལ་འདེབས་ཞུས་པར་དགའ་ལྡན་ཕོ་བྲང་ནས་ཞལ་བཞེས་ཐོབ་ཡོད་པར་བརྗོད་འདུག འོན་ཀྱང་ད་ལྟ་དུས་ཚོད་གཏན་འཁེལ་བྱུང་མི་འདུག་པ་ལྟར། ༧གོང་ས་མཆོག་གི་མཛད་རིམ་ནང་དུའང་གསལ་མི་འདུག དེ་མིན་དགའ་ལྡན་ཕོ་བྲང་གི་དྲྭ་བ་ལྟར་ན། ཕྱི་ཟླ་༩ པའི་ནང་༧གོང་ས་མཆོག་གི་མཛད་རིམ་གཞན་ཁག་ཅིག་འདུག་པ་ནི། ཕྱི་ཟླ་༩ ཚེས་ ༡༢ ནས་ཚེས་ ༡༣བར་དུས་ཡུན་ཉིན་གཉིས་རིང་གི་སྔ་དྲོའི་ཆར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ལྷོ་ཤར་ཨེ་ཤི་ཡའི་དད་ལྡན་ཆོས་ཞུ་བ་རྣམས་ཀྱིས་ཇི་ལྟར་གསོལ་བ་བཏབ་པ་ལྟར་ཆོས་འབྲེལ་བཀའ་དྲིན་བསྩལ་རྒྱུ་རེད་འདུག་ལ། དེ་བཞིན་ཕྱི་ཟླ་༩ ཚེས་ ༡༨་ཀྱི་སྔ་དྲོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བོད་ཀྱི་བུད་མེད་ལྷན་ཚོགས་དང་། བོད་ཀྱི་རྒྱལ་ས་ལྷ་སའི་མཐུན་གྲོགས་རྫོང་ཁག ཌལ་ཧོར་སློབ་ཟུར་བཅས་ནས་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་ཡིན་འདུག གཞན་ཡང་ཐའེ་ཝན་གྱི་དད་ལྡན་ཆོས་ཞུ་བ་རྣམས་ཀྱིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཇི་ལྟར་གསོལ་བ་བཏབ་པ་ལྟར་ཕྱི་ཟླ་༩ ཚེས་ ༣༠ ནས་ཕྱི་ཟླ་༡༠ ཚེས་ ༢་བར་ཆོས་འབྲེལ་བཀའ་དྲིན་བསྩལ་རྒྱུ་དང་། དེ་ཡང་ཟླ་ ༩ ཚེས་ ༣༠ དང་ཕྱི་ཟླ་ ༡༠ ཚེས་ ༡ ཉིན་གཉིས་རིང་སྤྱོད་འཇུག་ཆེན་མོའི་ལེའུ་བརྒྱད་པའི་ཆོས་འབྲེལ་བསྩལ་རྒྱུ་དང་། ཕྱི་ཟླ་ ༡༠ ཚེས་ ༢ ཉིན་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་བཅས་ཡིན་འདུག
གསར་འགོད་པ། བསྟན་འཛིན་ལམ་བཟང་།