བྱང་ཨ་རིའི་མི་ནི་སོ་ཊའི་ནང་སློབ་གྲྭ་གསར་འཛུགས་ཀྱི་ཆོག་མཆན་ཐོབ་ཡོད་འདུག

ཨ་མི་རི་ཀའི་མི་ནེ་སོ་ཊ་མངའ་སྡེའི་ནང་། བོད་རིགས་དང་ཕྱི་རྒྱལ་དོན་གཉེར་བ་ཁག་ཅིག་གིས་མངའ་སྡེའི་ནང་དམིགས་བསལ་སློབ་གྲྭ་ཞེས་པ་གསར་འཛུགས་བྱེད་རྒྱུའི་འཆར་གཞིའི་ཐོག་ནས་མངའ་སྡེའི་ཤེས་རིག་ལས་ཁུངས་སུ་ཞུ་སྐུལ་གནང་བ་བཞིན་ཆོག་མཆན་ཐོབ་ཡོད་འདུག
མི་ནི་སོ་ཊའི་བོད་རིགས་དམིགས་བསལ་སློབ་གྲྭ་གནའ་དེང་ཤེས་ཡོན་བསྟི་གནས་ཁང་གི་འགན་འཛིན་ལྷན་ཚོགས་ནས་ཟླ་འདིའི་ཕྱི་ཚེས་༡༡ ཉིན་ཡོངས་ཁྱབ་ཀྱི་གསལ་བསྒྲགས་ཤིག་སྤེལ་ཡོད་པ་དང་། དེའི་ནང་དུ་བོད་རིགས་དང་ཕྱི་རྒྱལ་དོན་གཉེར་བ་ཁག་ཅིག་གིས་མི་ནི་སོ་ཊའི་ཤེས་རིག་ལས་ཁུངས་སུ་སློབ་གྲྭ་གསར་འཛུགས་ཀྱི་ཞུ་སྐུལ་ཕུལ་བ་བཞིན། ས་གནས་སུ་བོད་ཀྱི་སྐད་དང་རིག་གཞུང་སློབ་སྤེལ་བྱ་ཡུལ་བོད་མིའི་སློབ་གྲྭ་ཞིག་གསར་འཛུགས་ཀྱི་ཆོག་མཆན་གནང་ཡོད་པ་དང་། གསར་འཛུགས་གནང་རྒྱུའི་སློབ་གྲྭ་དེ་ནི། བྱང་ཨ་རིའི་ནང་བོད་མི་ཇེ་མང་དུ་འགྲོ་བཞིན་པ་དང་འཚར་ལོངས་ཡོང་བཞིན་པའི་བོད་ཕྲུག་རྣམས་ལ་བོད་ཀྱི་སྐད་དང་རིག་གཞུང་མི་ཉམས་རྒྱུན་འཛིན་སོགས་ཀྱི་ཆེད་དུ་དམིགས་པ་ཞིག་ཡིན་འདུག་པ་དང་། སློབ་གྲྭ་དེའི་ནང་དུ་བོད་ཀྱི་སྐད་དང་རིག་གཞུང་། དེང་རབས་ཀྱི་ཤེས་ཡོན། ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སོགས་སློབ་ཁྲིད་གནང་རྒྱུ་ཡིན་འདུག
ཉེ་བའི་ཆར་དུ་སློབ་གྲྭ་དེ་གསར་འཛུགས་ཆེད་དུ་གཙོ་བོའི་འགན་ཁུར་བ་ཐུབ་བསྟན་ཟླ་གྲགས་ཀྱིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་ཁ་ཞུས་ཏེ་ལས་དོན་སྙན་སེང་ཞུས་ཡོད་འདུག་པ་དང་། དེ་བཞིན་མགོན་པོ་གང་ཉིད་ཀྱིས་ཐུགས་དགྱེས་ཚོར་ཆེན་པོས་སློབ་གྲྭའི་མིང་ལ་གནའ་དེང་ཤེས་ཡོན་བསྟི་གནས་ཁང་ཞེས་དང་དབྱིན་ཡིག་ནང་(Ocean of wisdom)་ཞེས་བསྩལ་གནང་འདུག
བྱང་ཨ་རིའི་མི་ནི་སོ་ཊར་དེང་རབས་ཀྱི་ཤེས་ཡོན་ལྷན་དུ་བོད་ཀྱི་རིག་གཞུང་སློབ་ཁྲིད་བྱེད་སའི་སློབ་གྲྭ་དེ་ལྟ་བུ་ཞིག་གསར་འཛུགས་གནང་བ་ནི། ནུབ་ཕྱོགས་རྒྱལ་ཁབ་ཁག་གི་ནང་དུ་བོད་ཀྱི་གནའ་དེང་རིག་གཞུང་སློབ་ཁྲིད་གནང་སའི་སློབ་གྲྭ་ཐོག་མ་དེ་ཆགས་ཀྱི་ཡོད་འདུག་ལ། ཕྱི་ལོ་ ༢༠༢༥ ལོའི་སྟོན་དུས་ནས་འཛིན་རིམ་བཞི་པ་བར་གྱི་སློབ་མ་སློབ་འཇུག་བྱ་རྒྱུ་དང་། སྤྱི་ཚོགས་ལ་དགོས་ངེས་དང་ཕན་ཐོགས་ཡོང་ཐབས་སུ་དམིགས་ནས་སྔོན་འགྲོ་ནས་འཛིན་རིམ་བརྒྱད་པ་བར་སློབ་ཡོན་སྤྲོད་མི་དགོས་པའི་སློབ་གྲྭ་ཞིག་གསར་འཛུགས་བྱེད་རྒྱུ་ཡིན་པ་སོགས། ཤེས་ཡོན་བསྟི་གནས་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་གསལ་བསྒྲགས་ནང་བཀོད་འདུག་ལ། དེ་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་སློབ་དེར་མིང་གནང་བ་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་། བྱང་ཨ་རིའི་སྐུ་ཚབ་དོན་ཁང་དང་། དེ་བཞིན་ལས་གཞི་དེར་དངོས་ཤུགས་བརྒྱུད་གསུམ་ནས་རྒྱབ་སྐྱོར་གནང་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུས་འདུག
གསར་འགོད་པ།བསྟན་འཛིན་ལམ་བཟང་།