བྱམས་བརྩེའི་ཚིག
ངའི་ཁྱིམ་ཚང་བསམ་ཡུལ་ལས་འདས་པའི་གོད་ཆག་ཅིག་གི་ཁ་གཏད་དུ་འགྲེང་པའི་དུས་མཚུངས་སུ་རང་ཉིད་ཕ་མ་གཉིས་ལྡི་ལི་ནས་རྡ་སར་སྐྱེལ་མཁན་གྱི་རླངས་འཁོར་ཁ་ལོ་བ་ཁོང་གི་དོན་དུ་སེམས་ངལ་བྱུང་། ང་ཚོ་གཞུང་དང་སྨན་ཁང་གི་ལམ་སྟོན་ལྟར་ཟུར་སྡོད་བྱེད་མུས་སྐབས་གྲོགས་པོ་ཞིག་གིས་ཁ་ལོ་བ་དང་ཁོང་གི་ནང་མི་ཚོར་སྡེ་མི་ཚོས་ཁ་རྡུང་དང་ངོ་ཚ་བཟོས་ཏེ་ཁོང་ཚོ་ཡ་ང་བའི་གནས་སྟངས་ཤིག་ཏུ་ལྷུང་ཡོད་སྐོར་བརྗོད་བྱུང་། ངས་ཁོང་དང་ཁོང་གི་ཁྱིམ་མི་ཚོས་གནས་བབ་ཅི་འདྲ་ཞིག་བརྒྱུད་ཡོད་པའི་སྐོར་ལ་འདང་རྒྱག་མི་ནུས་པའི་ཚད་དུ་གྱུར།
ངས་རང་གི་ཁ་པར་ནས་ཁོང་གི་འབྲེལ་གཏུག་ཨང་གྲངས་འཚོལ་དུས་རང་ཉིད་དངངས་འདར་རྒྱག་ཡོང་གི་འདུག ངས་ཁོང་ལ་སྐད་ཆ་བཤད་དགོས། རྒྱུ་མཚན། ཁོང་དང་ཁོང་གི་ཁྱིམ་མིས་གང་ཞིག་བརྒྱུད་དགོས་བྱུང་བ་དེ་ང་ཚོའི་ནང་མི་ཡི་འགལ་འཛོལ་ཞིག་ལ་དེ་དུས་ངོས་འཛིན་བྱེད་ཀྱི་ཡོད་པས། ངས་ཁོང་ལ་དགོངས་དག་ཞུ་དགོས།.
ཁ་པར་ནས་ངས་ཧེ་ལོ་ལབ་ཡིན། སྐབས་དེར་ཕར་ཕྱོགས་ནས་རྒྱ་གར་སྐད་དུ་བཀྲིས་བདེ་ལེགས་གཅེན་པོ། ཁྱེད་ཚོ་ཚང་མ་བདེ་བོ་ཡིན་ནམ། ཨ་མ་གང་འདྲ་འདུག་ཟེར། ཁོང་གི་དོ་ཁུར་དང་འཚམ་འདྲི་ཐོས་འཕྲལ་རང་ཉིད་ཅུང་ཙམ་རིང་ཁུ་སིམ་མེར་ལྷག ཁོས་རང་ཉིད་དཀའ་ཚགས་བརྒྱུད་དགོས་ཐུག་པར་སྡུག་སྐད་རྒྱག་རྒྱུའི་ཚབ་ལ་ཁོང་གི་དཀྱེལ་ཡངས་ཀྱི་བསམ་བློས་ང་ཚོ་ཚང་མ་ལྷོད་ལ་བབ་བཅུགས་སོང་།
ང་ཁོང་ལ་མི་ཚེའི་ནང་ཐེངས་གཅིག་ལས་ཐུག་མ་མྱོང་། དེ་ཁོང་གིས་ངའི་ཕ་མ་གཉིས་ཉེ་ཆར་ལྡི་ལི་ནས་ནང་ལ་བསྐྱལ་ཡོང་པའི་སྐབས་རེད། ངས་ཁོ་ལོ་མང་རིང་རྒྱུས་ཡོད་པ་དེ་འདྲ་གང་ཡང་མ་རེད། གལ་སྲིད་ང་ཁོ་རང་གི་གནས་སྟངས་དེ་ལ་ཡོད་པའི་དབང་དུ་བཏང་ན། ངས་ཁོང་གིས་བསྟན་པའི་བསམ་ཤེས་དང་བརྩེ་སེམས་དེ་ལྟ་བུ་སྟོན་ཐུབ་མིན་བཤད་དཀའ།
ངས་ཁ་པར་ནས། གཅེན་པོ་རཱ་རྗེ་ཤཱི་ལ་ཁོ་དང་ཁྱིམ་མིར་དཀའ་ལས་བཟོས་པར་དགོངས་དག་ཅེས་ཞུས་པར། ཁྱེད་ཀྱིས་ག་རེ་བཤད་གི་ཡོད། དེ་ཁྱེད་ཀྱི་ཨ་ཕས་ཆེད་དུ་བྱས་པ་ནི་མ་རེད། ཅེས་ལན་བཏབ་བྱུང་།
ཕྱི་ཟླ་༣ ཚེས་༢༨ ཉིན། ངའི་ཨ་ཕ་འདས་པོ་ཁོང་དང་འབྲེལ་བ་བྱུང་མཁན་ཚང་མར་བརྟག་དཔྱད་མཇུག་འབྲས་ལས་རྒྱ་ནག་ཏོག་དབྱིབས་ནད་དུག་འོག་གི་ནད་རྟགས་མེད་པའི་ཁྱབ་བསྒྲགས་བྱས་སོང་། ངས་ཧུན་རྡི་ཚགས་པར་ཞིག་ཏུ་ལས་ཀ་བྱེད་མཁན་གྲོགས་པོ་ཞིག་གི་ས་ནས་བརྟག་དཔྱད་མཇུག་འབྲེས་ཤེས་བྱུང་། དེ་ནི་རྫོང་དཔོན་གྱི་གསལ་བསྒྲགས་མ་བྱས་གོང་གི་ཆུ་ཚོད་གཅིག་སྔོན་ཏག་ཏག་རེད། དེ་མ་ཐག་ངས་ཁ་པར་གཏོང་ས་ཐོག་མ་རཱ་རྗེ་ཤཱི་ཡིན། ཁོས། མི་ལེགས་པ་གང་ཡང་འབྱུང་གི་མ་རེད་ཅེས། ངས་ཁྱེད་རང་ལ་ལབ་ཡིན་པ། ཞེས་བཤད་བྱུང་།
བྱམས་དང་བརྩེ་བ་མེད་ན་འགྲོ་བ་མིའི་རིགས་གནས་བར་དཀའ། ཚིག་ཕྲེང་འདི་རང་ཐོག་ལ་དོན་རྐྱེན་འདི་མ་བྱུང་གོང་ངག་ཟློས་ཙམ་དུ་སྣང་མོད། ངའི་ཁྱིམ་ཚང་ལ་གནས་ཚུལ་འདི་ལྷག་རྗེས་ད་གཟོད་ངས་ཚིག་ཕྲེང་འདིའི་དོན་གསལ་བོར་ཤེས་སོང་། ངས་ཡོངས་ཁྱབ་རིམས་ནད་འདིས་གནོད་འཚེ་ཕོག་མཁན་ཚོར་བསམ་ཤེས་དང་དོ་ཁུར་བྱེད་མཁན་ཚང་མ་ལ་བཀའ་དྲིན་ཆེ་ཞུ། ང་རང་སྟེང་ནས་བཤད་ན་མི་གཞན་ཞིག་གི་ས་ནས་བརྩེ་སེམས་དང་སྐུལ་ལྕགས་ཀྱི་ཚིག་གཅིག་ཡིན་ཡང་ཧ་ཅང་དོན་སྙིང་ཅན་དུ་ཚོར། དེ་རིང་གི་འཇིག་རྟེན་ལ་དགོས་པ་ནི། ལྷད་མེད་ཀྱི་བརྩེ་སེམས་དང་ལྷག་པར་དུ་གནོད་འཚེ་ཕོག་མཁན་ཚོ་དཀའ་སྡུག་ལས་ཐར་བའི་ཤེས་རབ་ཡིན།
འདིར་༧གོང་ས་མཆོག་གིས་རྒྱ་ནག་ཏོག་དབྱིབས་ནད་དུག་ཐད་གསུངས་པའི་ཤེས་རབ་ལྡན་པའི་བཀའ་སློབ། རྒྱ་ནད་འདི་ལ་བྱམས་བརྩེ་ཡིས་གདོང་ལེན་གནང་དགོས་པར་བསྟན་ཡོད།
ཉེ་ཆར་ཀང་ར་རྫོང་དཔོན་ལས་ཁང་གིས་རྒྱ་ནག་ཏོག་དབྱིབས་ནད་དུག་འགོས་ཡོད་པར་བསྒྲགས་པའི་འདས་པོ་བསྟན་འཛིན་ཆོས་འཕེལ་ལགས་ཀྱི་བུ་བསྟན་འཛིན་བདེ་ལྡན་གྱིས།
—