བྱས་རྗེས་ལ་ངོས་འཛིན་ཐུབ་དགོས།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་  ༦༡༥   ཕྱི་ལོ་ ༢༠༡༦/༡༠/༥

སྲིད་སྐྱོང་འབུམ་རམས་པ་བློ་བཟང་སེང་གེ་དང་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་གཉིས་ཀྱིས་ཕྱི་ཟླ་༡༠ ཚེས་༣ ཉིན། ཨ་རིའི་གཞུང་གིས་ཨ་རིའི་རྒྱལ་སྤྱིའི་འཕེལ་རྒྱས་ལྟེ་གནས་ཁང་(USAID) བརྒྱུད། བོད་མིའི་སྒྲིག་འཛུགས་དང་བཙན་བྱོལ་བོད་པའི་སྤྱི་ཚོགས་ཀྱི་སྒྲིག་འཛུགས་སྲ་བརྟན་ཆེད་རོགས་དངུལ་ཨ་སྒོར་ས་ཡ་༢༣ གནང་ཡོད་པ་དང་། ཕྱི་ཟླ་༡༠ པ་ནས་བཟུང་ལས་གཞི་འགོ་འཛུགས་བྱ་རྒྱུའི་སྐོར་ཡོངས་ཁྱབ་གསར་འགོད་ལྷན་ཚོགས་ཤིག་བསྐོངས་སོང་། ཨ་སྒོར་ས་ཡ་༢༣ ཧིན་སྒོར་དུ་བསྒྱུར་ན་ཧིན་སྒོར་དུང་ཕྱུར་བཅོ་ལྔ་དང་བྱེ་བ་གསུམ་ལ་ཉེ་བ་ཞིག་ཏུ་གྱུར་ཡོད་སྟབས། དུས་གཅིག་ལ་རོགས་དངུལ་ཕོན་ཆེ་འདི་འདྲ་ཞིག་ཐབས་འཚོལ་ཐུབ་པ་ནི། བཙན་བྱོལ་བོད་གཞུང་ངམ་བོད་མིའི་སྒྲིག་འཛུགས་ཀྱི་ལོ་རྒྱུས་ནང་ཟིན་ཐོ་གསར་པ་ཞིག་ཏུ་གྱུར་ཡོད་སྟབས་ཆེས་བསྔགས་བརྗོད་ཀྱི་གནས་སུ་གྱུར་ཡོད་པ་དང་། བརྒྱ་བཤད་སྟོང་བཤད་ཇི་ལྟར་བཤད་ཀྱང་ཡོས་ལ་འབབ་རྒྱུའི་རྩམ་པ་ཞེས་པ་བཞིན་གཞུང་འབངས་གཉིས་ལ་ཕན་ཐོགས་རྒྱ་ཆེན་པོ་ཞིག་བྱུང་ཡོད་པ་སྨྲོས་མེད་རེད།

དཔལ་འབྱོར་འདུ་འགོད་དེ་ལྟ་བུ་ཞིག་ཐུབ་པ་དེ་ཡང་འབད་བརྩོན་དང་དཀའ་ངལ་ཧ་ཅང་མང་པོ་ཞིག་བརྒྱུད་ནས་བྱུང་ཡོད་པ་སྨྲོས་མེད་ཡིན་པ་དང་། གནད་དོན་འདི་དག་གི་ཐོག་ནས་སྲིད་སྐྱོང་དང་འབྲེལ་ཡོད་བཀའ་ཤག་སྔ་རྗེས་ཀྱི་བྱས་རྗེས་ལ་ངོས་འཛིན་གསལ་པོ་ཞིག་དགོས་པ་དེ་ཧ་ཅང་གལ་ཆེ། བཙན་བྱོལ་བོད་པའི་སྤྱི་ཚོགས་ཆུང་ཆུང་འདི་ཉིད་ད་དུང་མང་གཙོ་ཚད་དང་ལྡན་པ་ཞིག་ཡོང་རྒྱུར་གོམ་པ་རིམ་སྤོ་བྱེད་བཞིན་ཡོད་སྟབས། འོས་བསྡུའི་འགྲན་རྩོད་ཀྱི་སྐབས་སུ་རྩོད་རྙོག་འདྲ་མིན་ཡོང་གི་ཡོད་པ་ནི་མང་གཙོའི་སྤྱི་ཚོགས་ཀྱི་འགྲོ་སྟངས་ལྟ་བུ་ཡིན། འོན་ཀྱང་དུས་རྒྱུན་རང་གི་སྣང་བར་མི་འགྲོ་བའི་མི་སུ་འདྲ་ཞིག་ཡིན་ཡང་ལས་དོན་ལ་གྲུབ་འབྲས་ཡག་པོ་ཐོན་སྐབས་ངོས་འཛིན་བྱེད་པའི་སྤོབས་པ་ཡོད་དགོས་པ་འདི་ཡང་མང་གཙོའི་སྤྱི་ཚོགས་ཀྱི་དགེ་མཚན་ཞིག་ཏུ་གྱུར་ཡོད། དེར་བརྟེན་དུས་རྒྱུན་གྱི་འབྲེལ་ལམ་བཟང་ངན་ལ་མ་ལྟོས་པར་ལས་དོན་གྱི་གྲུབ་འབྲས་དངོས་ལ་གཞིགས་ནས་ངོས་འཛིན་བྱེད་ཐུབ་པ་ཞིག་དགོས་པ་དེ་ནི་གཅིག་སྒྲིལ་དང་ཡར་རྒྱས་ཀྱི་གཞི་རྩ་ཉག་གཅིག་ཏུ་གྱུར་ཡོད།

བོད་མིའི་སྒྲིག་འཛུགས་དང་། རྒྱ་བལ་འབྲུག་གསུམ་ཁུལ་དུ་ཡོད་པའི་བཙན་བྱོལ་བོད་པའི་སྤྱི་ཚོགས་ཡར་རྒྱས་ཚགས་ཚུད་དུ་གཏོང་བར་དཔལ་འབྱོར་གྱི་མཐུན་རྐྱེན་དགོས་པ་འདི་གལ་ཆེ་ཤོས་དང་པོ་ཡིན་ལ། གཉིས་པ་འགྲོ་སོང་དེ་དག་ཀྱང་ས་གནས་ཁག་ལ་ཞིབ་འཇུག་མཐིལ་ཕྱིན་བྱས་ནས་དགོས་ངེས་ཡིན་པ་དང་། ཕུགས་རྒྱང་རིང་པོར་ཕན་ངེས་འབའ་ཞིག་ཡིན་པའི་ལས་འཆར་ཞིབ་ཕྲ་བསྒྲིག་དགོས་པ་ཧ་ཅང་གལ་ཆེ། སྐབས་རེ་གཞི་རྩའི་དམིགས་ཡུལ་དང་འགྲེལ་བཤད་ཧ་ཅང་ཡག་པོ་ཡིན་ཡང་མི་མང་གི་བློ་འདོད་དང་གཏན་ནས་མི་མཐུན་པ་སྐྱེ་ལྡན་སོ་ནམ་གྱི་ལས་གཞི་ལྟ་བུར་མཚོན་ན་འགྲོ་སོང་ཕོན་ཆེ་བཏང་བ་དེ་དག་ཆུད་ཟོས་སུ་སོང་བ་ཙམ་ལས་ཕུགས་ཕན་བྱུང་མེད། དེར་བརྟེན་ད་ལན་གྱི་རོགས་དངུལ་འབོར་ཆེན་འདི་ལྟ་བུ་ཞིག་ཐོབ་ཚེ། ལས་འཆར་གང་ཡིན་ཡང་ཕུགས་ཕན་རང་བཞིན་དང་། འཆར་གཞི་ཚད་ལྡན་དང་ཞིབ་ཚགས་ཡོད་པ། མི་མང་གི་བློ་མོས་དང་མཐུན་པའམ། མི་མང་གི་བློ་སྣ་དེའི་ཕྱོགས་སུ་ངེས་པར་སྒྱུར་ཐུབ་པའི་ཐབས་ལམ་ཡོད་པ་བཅས་གཞི་རྩར་འཛིན་དགོས།

ད་བར་གཞིས་ཆགས་ཁག་ཏུ་བོད་གཞུང་གི་ལས་གཞི་ཧ་ཅང་མང་པོ་ཞིག་ལག་བསྟར་བྱས་ཡོད་པ་དང་། འགྲོ་སོང་ཡང་སྔ་རྗེས་སུ་ཧ་ཅང་མང་པོ་ཞིག་བཏང་ཡོད་ཀྱང་། ཕུགས་ཕན་ཡོང་ངེས་ཀྱི་ལས་འཆར་རྒྱ་ཆེན་པོ་དེ་ཙམ་བྱུང་མེད་པར་ད་ལྟའི་ཆར་ཡང་གཞིས་ཆགས་ཁག་མང་ཆེ་བའི་གནས་སྟངས་ཐོག་ནས་བལྟས་ན་དེ་ཙམ་གྱིས་འདོད་པ་ཁེངས་པ་ཞིག་བྱུང་མེད། གཙོ་ཆེ་ཤོས་བོད་མི་མང་པོ་ཞིག་ཕྱི་རྒྱལ་དུ་འགྲོ་རྒྱུའི་དར་སོ་ཧ་ཅང་ཆེན་པོ་བྱུང་ཡོད་པ་དང་། དེ་ལ་བརྟེན་ནས་བཙན་བྱོལ་ནང་དབུལ་ཕྱུག་གི་ཁྱད་པར་ཆེན་པོ་ཤོར་ཞིང་། རང་ལ་མེད་ཀྱང་མི་ལ་བུ་ལོན་གཡར་ནས་ཕྱི་རྒྱལ་དུ་ལུགས་མཐུན་མིན་པའི་ཐོག་ནས་འགྲོ་ཐབས་བྱེད་མཁན་ཧ་ཅང་མང་པོ་བྱུང་བ་སོགས། མདོར་ན་རྒྱ་བལ་འབྲུག་གསུམ་ཁུལ་གྱི་བཙན་བྱོལ་བོད་མི་མང་པོ་ཞིག་རང་རང་སོ་སོའི་ས་གནས་སུ་སྡོད་འདོད་མེད་པར་ཕྱི་རྒྱལ་དུ་འགྲོ་ཐུབ་པའི་རེ་བ་དང་གྲ་སྒྲིག་འབའ་ཞིག་བྱས་ནས་བསྡད་ཡོད་སྟབས། དེ་ནི་གཞིས་ཆགས་དང་དགོན་སྡེ་སློབ་གྲྭ་སོགས་ཀྱི་གནས་སྟངས་སྐྱོ་རུ་འགྲོ་བའི་རྒྱུ་རྐྱེན་ངོ་མ་རུ་གྱུར་ཡོད།

སྔོན་མ་ནས་གསར་དུ་འབྱོར་བ་རྣམས་ཀྱི་ཆེད་ཐོག་མ་བོད་ནས་འབྱོར་སྐབས་སློབ་སྦྱོང་གི་གོ་སྐབས་ཡོད་པ་ཙམ་ལས། གཞན་ལས་འཆར་དམིགས་བསལ་མེད་སྟབས་རྒྱ་གར་དུ་གཏན་སྡོད་བྱེད་དགོས་བྱུང་ན་དཀའ་ཁག་ཆེན་པོ་ཡོད་ཀྱང་། བཀའ་ཤག་སྐབས་བཅུ་བཞི་པ་ནས་བཟུང་བོད་ནས་གསར་དུ་འབྱོར་བ་རྣམས་ལ་གཞིས་ཆགས་གསར་སྐྲུན་སོགས་ཀྱི་ཐོག་ནས་མཐུན་རྐྱེན་གང་ཐུབ་སྤྲད་དང་སྤྲོད་འཆར་ཡོད་པས་ད་ལྟའི་ཆར་སེམས་པ་ཆགས་ས་ཡོད་པ་ཞིག་ཏུ་གྱུར་ཡོད། མདོར་ན་སྤྱི་ཡོངས་རྒྱ་གར་ནང་གནས་སྟངས་ཡར་རྒྱས་ཆེན་པོ་འགྲོ་བཞིན་པའི་གོ་སྐབས་དང་བསྟུན། ད་ལྟ་བོད་མིའི་སྒྲིག་འཛུགས་ཀྱི་ཨ་སྒོར་ས་ཡ་༢༣ གྱི་ལས་འཆར་འདི་ལ་བརྟེན་ནས་ཕྱི་རྒྱལ་ཁག་ཏུ་ཡོད་པའི་བོད་པ་རྣམས་ཀྱང་མཐར་ཐུག་རྒྱ་བལ་ཁུལ་དུ་ཕྱིར་ལོག་བྱ་རྒྱུའི་བསམ་བློ་འཁོར་ཐུབ་པ་ཞིག་དང་། རྒྱ་བལ་ཁུལ་དུ་གནས་སྡོད་བྱེད་མཁན་རྣམས་ཀྱང་ཕྱི་རྒྱལ་ལ་འགྲོ་རྒྱུའི་རེ་བ་དང་རྨི་ལམ་མཚམས་འཇོག་ཐུབ་པའི་དམིགས་ཚད་ཅིག་བཟུང་ནས་ལས་གཞི་ཚད་དང་ལྡན་པ་ཞིག་ཡོང་ཐབས་བྱས་ན་གྲུབ་འབྲས་ཆེན་པོ་ཐོན་ངེས་རེད།།