བྱིས་པ་ཚོ་ཆུང་དུས་ནས་ཏང་ལ་དགའ་ཞེན་དང་སེམས་པ་ཏང་ལ་ཕྱོགས་ཐུབ་པ་ཞིག་བྱེད་དགོས་པར་བརྗོད་འདུག

དྲུག་གཅིག་བྱིས་པའི་དུས་ཆེན་ཟེར་བ་འཆར་ཉེའི་མཚམས་དེར། རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་གི་འགོ་ཁྲིད་ཝང་ཅུན་ཀྲེང་གིས་ལྷ་སར་ལོ་ཆུང་བྱིས་པའི་སློབ་གསོ་དང་སློབ་ཁྲིད་ལ་བརྟག་ཞིབ་བྱས་ཏེ། དགེ་རྒན་ཚོ་ལ་བྱིས་པ་ཚོ་ཆུང་དུས་ནས་ཏང་ལ་དགའ་ཞེན་ཡོད་པའམ་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དང་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་གཏང་རྒྱུར་ཤུགས་སྣོན་རྒྱག་དགོས་པར་བརྗོད་པ་དང་། གཞན་ཡང་ཉེ་ཆར་རྒྱ་གཞུང་གིས་དྲྭ་རྒྱའི་འཕྲིན་གཏོང་དོ་དམ་བྱེད་ཕྱོགས་སྐོར་མི་མང་ལ་ཚ་ཚ་འུར་འུར་གྱིས་སློབ་གསོ་སྤྲོད་བཞིན་འདུག

ཟླ་བ་འདིའི་ཚེས་༡ ཉིན་རྒྱ་ནག་གཞུང་འབྲེལ་གྱི་བརྒྱུད་ལམ་བོད་ལྗོངས་ཉིན་རེའི་ཚགས་པ་ཟེར་བ་དང་དེ་མིན་གྱི་བརྒྱུད་ལམ་ཁག་གི་ཐོག་ཏུ་གནས་ཚུལ་བཀོད་དོན།

    དྲུག་གཅིག་བྱིས་པའི་དུས་ཆེན་ཚེས་ལ་ཉེ་སྐབས་ཝང་ཅུན་ཀྲེང་གིས་ལྷ་ས་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་དུ་ཕྱིན་ཏེ་སློབ་གྲྭའི་ཁོར་ཡུག་སོགས་དང་སློབ་གསོའི་གྲུབ་འབྲས་འགྲེམས་སྟོན་ལ་ལྟ་ཞིབ་བྱས་ཏེ། ཁོས། དགེ་རྒན་ཚོས་ཕྲུ་གུ་ལ་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོར་ཤུགས་སྣོན་རྒྱག་དགོས་པ་དང་བསམ་བློ་ཆབ་སྲིད་ཀྱི་སློབ་ཚན་ཡག་པོ་འཚོགས་ནས་ཏང་གི་གཏམ་རྒྱུད་དང་། གསར་བརྗེའི་གཏམ་རྒྱུད། དཔའ་བོའི་གཏམ་རྒྱུད་བཅས་ཡག་པོ་ཤོད་པ་དང་། དུས་དང་རྣམ་པ་ཀུན་ཏུ་མེས་རྒྱལ་དང་མི་དམངས་སེམས་ནང་འཇོག་པ། ཐོག་མའི་བསམ་འདུན་མ་བརྗེད་པ་དང་བྱིས་པའི་སེམས་པ་ཏང་ལ་ཕྱོགས་ཐུབ་པ་བཅས་བྱས་ཏེ། ཆུང་དུས་ནས་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་བྱེད་དགོས། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་ཧུར་ཐག་གཏོང་བ་དང་། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་དེ་ལོ་ཆུང་བྱིས་པའི་སེམས་ནང་གཏིང་ཟབ་ཟུག་པ་བཅས་བྱེད་དགོས་པར་བརྗོད་འདུག་ལ། དེ་བཞིན་ཁོས། 

 ལོ་ཆུང་བྱིས་པ་ནི་རྒྱལ་ཁབ་དང་མི་རིགས་ཀྱི་འབྱུང་འགྱུར་ཡིན་པ་དང་། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ལོ་ཆུང་བྱིས་པ་དང་ལོ་ཆུང་གདོང་ལེན་རུ་ཁག་གི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་གྱིས། ཏང་དང་མི་དམངས་ཀྱི་བྱ་གཞག་གཅིག་རྒྱུན་གཅིག་འཛིན་དང་ཤུལ་འཛིན་མཁན་ཡོད་པའི་འཐབ་ཇུས་མཐོ་ཚད་ཐོག་ལངས་ནས། ལོ་ཆུང་གདོང་ལེན་རུ་ཁག་གི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱེད་པ་དང་། ལོ་ཆུང་བྱིས་པར་དོ་ཁུར་དང་གཅེས་སྐྱོང་བྱས་ཏེ། ཏང་ལ་མི་སྣ་གསོ་སྐྱོང་དང་རྒྱལ་ཁབ་ལ་ཤེས་ལྡན་པ་གསོ་སྐྱོང་བྱེད་པའི་ཐོག་མའི་བསམ་འདུན་དང་ལས་འགན་བློ་ལ་བརྟན་པོར་འཆང་བ། སློབ་གཉེར་ཁྱད་ཆོས་མངོན་གསལ་དོད་དུ་གཏོང་བ། མི་སྐྱོང་གི་ཆུ་ཚད་མཐོ་རུ་གཏོང་དགོས་པ་སོགས་བརྗོད་འདུག 

གཞན་ཡང་ཉེ་ཆར་རྒྱ་གཞུང་གིས་སློབ་གྲྭ་ཆུང་འབྲིང་གི་སློབ་ཚན་ནང་དམར་ཤོག་ཚོགས་པར་དམའ་འབེབས་དང་རྒྱལ་ཁབ་ཁ་བྲལ་གཏོང་བའི་ནང་དོན་ཅན་ཡོད་མེད་སོགས་ཞིབ་བཤེར་བྱ་རྒྱུ་ཡིན་པར་བརྗོད་དེ། དོན་ཚན་བཅུ་དྲུག་ཅན་ཞིག་ཡོངས་ཁྱབ་གསལ་བསྒྲགས་སྤེལ་ཡོད་པ་རེད་ལ། དེ་བཞིན་སྤྱི་ཚོགས་བརྒྱུད་ལམ་མམ་དྲྭ་རྒྱའི་འཕྲིན་གཏོང་གི་ཡོ་བྱད་སྤྱད་ནས་ཡང་དག་པའི་ཆོས་ལུགས་དང་མ་མཐུན་པ། མངའ་ཁོངས་ཕྱི་ནང་གི་རྩ་འཛུགས་དང་སྒྲིག་གཞི། མི་སྒེར་བཅས་བཅའ་ཁྲིམས་དང་རྒྱལ་ཁབ་ཀྱིས་ཡོངས་བསྒྲགས་མ་བྱས་པའི་ཆ་འཕྲིན་ཆོས། ཆོས་ལུགས་ཐལ་སྤྱོད། ཀུན་སྤྱོད་འཇིགས་སྐུལ། རྒྱལ་ཁབ་རྩ་སློག་པ། རྒྱལ་ཁབ་གཅིག་གྱུར་གཏོར་བཤིག་གཏོང་བ། ཏང་ལ་དམའ་འབེབས། ལོ་རྒྱུས་འཁྱོག་བཤད། རྒྱལ་ཁབ་མགོ་གཏིང་སློག་པ། རྒྱལ་ཁབ་ཀྱི་གསང་བ་བཅས་ཀྱི་ཆ་འཕྲིན་འཚོལ་བསྡུ་དང་སྒྲ་དང་པར་རིས་སོགས་ཉར་ཚགས་བྱེད་མི་ཆོག་པ་དང་། ཉེན་ཁའི་གནས་ཚུལ་རྫུན་བཟོ། དྲྭ་རྒྱའི་ཡོ་བྱད་སྤྱད་ནས་རྒྱལ་ཁབ་ཀྱི་སྲིད་དབང་རྩ་གཏོར་དང་ཁ་བྲལ་གྱི་འཇིགས་སྐུལ། ཆོས་ལུགས་ཐལ་སྤྱོད་ཀྱི་བྱེད་སྒོ་དང་བྱེད་སྒོ་སྤེལ་ཡུལ། སྒོར་མོ་འདོན་པ་དང་མི་སྣ་བསྡུ་རུབ། རྨོངས་དད་ཀྱི་བྱེད་སྒོ་སོགས་སྤེལ་མི་ཆོག་ཅེས་བརྗོད་འདུག་པ་དང་། གཞན་ཡང་དེ་སྔོན་གནས་སྤོའི་གྲོང་སྡེ་གཙོ་བོར་བྱས་པ་ཞིག་གི་ནང་ཆུ་དང་གློག་མེད་པའི་དཀའ་ངལ་བརྒྱུད་ལམ་ཁག་ནས་མང་པོ་ཐོན་བཞིན་པ་ལྟར། ཉེ་ཆར་ནས་གྲོང་པའི་ནང་ཆུ་མེད་པ་དང་གློག་མེད་པ་སོགས་ཀྱི་སྐོར་དྲྭ་རྒྱའི་འཕྲིན་གཏོང་བརྒྱུད་ནས་ཡོངས་བསྒྲགས་བྱེད་མི་ཆོག་པ་དང་། དེ་ལྟར་བྱས་ན་ཁྲིམས་འགལ་ཡིན་པར་བརྗོད་འདུག 

གསར་འགོད་པ། བསྟན་འཛིན་ལམ་བཟང་།