བྱིས་པའི་ཕོ་བྲང་ཞེས་པའི་བོད་ཡིག་དྲ་རྒྱ་དབུ་འབྱེད།

ཟླ་འདིའི་ཚེས་༦ ཉིན་སྟེ་༧གོང་ས་མཆོག་གི་སྐུའི་སྐར་དང་སྟབས་བསྟུན། བོད་མི་སྐྱ་སེར་སྒེར་པ་ཁག་ཅིག་གིས་བཟོ་སྐྲུན་བྱས་པའི་དྲ་རྒྱ་<<བྱིས་པའི་ཕོ་བྲང་>>ཞེས་པ་དབུ་འབྱེད་གནང་འདུག

དྲ་རྒྱ་དེའི་རྩོམ་སྒྲིག་པ་སྡེ་དགེ་སྐལ་བཟང་གིས་གནས་ཚུལ་འགྲེལ་བརྗོད་གནང་བ་ལྟར་ན། དམིགས་བསལ་བརྡ་འཕྲིན་གྱི་དུས་རབས་འདི་འདྲ་ཞིག་གི་ནང་དུ་བརྡ་འཕྲིན་ལག་རྩལ་ལ་བརྟེན་ནས་ང་ཚོས་མདུན་སྐྱོད་གོམ་པ་སྤོ་ཐུབ་ཚེ་སྟབས་བདེ་ལ། བྱིས་པ་མང་པོ་ཞིག་ལ་དམིགས་བསལ་གྱི་དཀའ་ངལ་མེད་པའི་སྟེང་ནས་ཁྱབ་ཐུབ་པ་བྱུང་རྒྱུའི་དགེ་མཚན་ཆེ་བ་ཡོད། ཁོང་ཚོས་ཚོགས་པ་དེ་ནས་བཙུགས་ནས་ཟླ་བ་དྲུག་ཙམ་ལས་སོང་མེད་ཀྱང་། བྱིས་པའི་ཀློག་འདོན་གྱི་བརྙན་གྲངས་བཅོ་ལྔ་ཙམ་དང་། བོད་ཀྱི་ཐུན་མོང་གི་སྐྱེས་སྐར་གླུ་གདངས། པར་རིས་མིང་ཚིག་དབྱིན་བོད་སྦྱར་མ་ཁྱོན་བསྡོམས་ཉིས་བརྒྱ་ཉེ་བར་འགྲེམ་སྤེལ་བྱས་འདུག་ལ། ད་དུང་བྱིས་སྒྲུང་སོགས་ཀྱང་འགྲེམས་སྤེལ་བྱེད་དང་བྱེད་མུས་ཡིན་འདུག

དྲ་རྒྱ་དེ་༧གོང་ས་མཆོག་དགུང་གྲངས་༨༦ ལ་ཕེབས་པའི་འཁྲུངས་སྐར་དང་སྟབས་བསྟུན་དབུ་འབྱེད་གནང་བ་དང་། སྐབས་དེར་དྲ་ལམ་བརྒྱུད་ཡེ་ཤེས་འཁོར་ལོ་ཆོས་ཚོགས་ཀྱི་འགན་འཛིན་དང་རྩོམ་པ་པོ་མཁན་པོ་རྫ་ཚེ་རིང་བཀྲ་ཤིས། དགེ་རྒན་དང་རྩོམ་པ་པོ་བེ་རི་རྒྱལ་སྲས། ནགས་ལྷ་རྩོམ་སྒྲིག་ཁང་གི་འགན་འཛིན་དགེ་བཤེས་ནགས་ཤོད་སྐལ་རྒྱན། ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་དགེ་རྒན་དང་རྩོམ་པ་པོ་ཨ་འབྲུག་དཀོན་མཆོག ཁམས་པའི་སྨྱུག་ཚོགས་ཀྱི་ཚོགས་གཙོ་དང་སྤྱི་འཐུས་མཁན་པོ་ཀ་བྲག་དངོས་གྲུབ་བསོད་ནམས་བཅས་ཀྱིས་གཏམ་བཤད་གནང་ཡོད་པ་རེད།

དྲ་རྒྱ་དེའི་དམིགས་ཡུལ་གཙོ་བོ་བོད་ཀྱི་བྱིས་པ་ཚོའི་བོད་ཡིག་བོད་སྐད་ཡག་པོ་སྦྱོང་ཐུབ་ཆེད་ཡིན་པ་དང་། མ་འོངས་ལས་འཆར་ནང་དུ་བྱིས་པའི་འགུལ་བརྙན་རིགས་དང་། བྱིས་སྒྲུང་དཔེ་དེབ་འགྲེམས་སྤེལ་སོགས་ཀྱི་ལས་གཞི་ཡོད་འདུག ། དྲ་ཐག་འདི་ཡོད།

གསར་འགོད་པ་ཆོས་ཉིད་འོད་ཟེར།