བྱིས་པར་བཙན་གཡེམ་བྱེད་མཁན་ལ་སྲོག་ཐོག་གི་ཁྲིམས་གསར།
ཨེ་ཤི་ཡའི་རྒྱལ་ཁབ་ཨིན་ཌོ་ནི་ཤི་ཡའི་སྲིད་འཛིན་གྱིས། རྒྱལ་ཁབ་དེའི་ནང་བྱིས་པར་བཙན་གཡེམ་བྱེད་མཁན་རྣམས་ལ་སྲོག་ཐོག་གི་ཁྲིམས་ཆད་ཕོགས་རྒྱུའི་བཀའ་ཁྱབ་བཏང་འདུག
དེ་ཡང་རྒྱལ་ཁབ་དེའི་ནང། ཉེ་བའི་ཆར་བུད་མེད་བྱིས་པ་ལོ་ན་༡༤ ཡིན་པ་ཞིག་ལ་རུབ་བརྒྱབ་ནས་བཙན་གཡེམ་བྱས་པ་སོགས་བཙན་གཡེམ་བྱས་པའི་གནས་ཚུལ་མང་པོ་ཐོན་ནས། མི་མང་གིས་ངོ་རྒོལ་ཤུགས་ཆེན་བྱས་ཡོད་འདུག
ཨིན་ཌོ་ནི་ཤི་ཡའི་སྲིད་འཛིན་ཇོ་ཀོ་ཝེ་ཌོ་ཌོ་ཡིས། བྱིས་པར་བཙན་གཡེམ་བྱེད་མཁན་དག་ལ་སྲོག་ཐོག་དང་རྫས་འགྱུར་གྱི་ཐོག་ནས་རླིག་འབྲས་ཕྱུང་བའི་ཉེས་ཆད་གཏོང་རྒྱུ་ཡིན་པའི་ཁྲིམས་གསར་དེ། སྲིད་འཛིན་གྱི་ཛ་དྲག་གི་བཀའ་ཁྱབ་ཐོག་བཏང་ཡོད་པས། བཀའ་ཁྱབ་དེ་ལག་ལེན་འཕྲལ་དུ་འགྲོ་ཡི་ཡོད་འདུག་ཀྱང། རྗེས་སུ་གྲོས་ཚོགས་ནས་བཀའ་ཁྱབ་དེ་ཕྱིར་འཐེན་བྱེད་པའི་ནུས་པ་ཡོད་འདུག
དེ་སྔོན་ལུང་པ་དེའི་ནང། བྱིས་པ་དང་ནར་སོན་པ་ལ་བཙན་གཡེམ་བྱས་ཚེ། ཁྲིམས་ཆད་ནི་མང་ཤོས་ལོ་༡༤ ཡི་བཙོན་འཇུག་བྱེད་ཀྱི་ཡོད་འདུག
འཛམ་གླིང་གི་རྒྱལ་ཁབ་མང་པོ་ཞིག་ནང། སྤྱི་ཚོགས་ཀྱི་ལྟ་ཚུལ་སོགས་གྱི་རྐྱེན་པས། བྱིས་པ་བུ་དང་བུ་མོ་ལ་བཙན་གཡེམ་བྱས་པའི་གནས་ཚུལ་ཞུ་གཏུག་བྱེད་མཁན་ཉུང་ཉུང་ཡིན་པས། གྲངས་ཐོ་གསལ་པོ་ཞིག་འདོན་རྒྱུ་དཀའ་ངལ་ཁག་པོ་ཡིན་འདུག་ཀྱང། ཕྱི་ལོ་༢༠༡༤ ལོར་དབྱིན་ཡུལ་གྱི་རྒྱལ་སྤྱིའི་ཚོང་འབྲེལ་ཚགས་ཤོག་གིས། འཛམ་གླིང་ནང་བྱིས་པར་བཙན་གཡེམ་གྱི་གནས་ཚུལ་མང་ཤོས་བྱུང་མཁན་ལུང་པ་ལྔ་ཡི་མིང་ཐོ་བཏོན་འདུག་པས། དེ་དག་ནི་ལྷོ་ཨ་ཧྥི་རི་ཀ།རྒྱ་གར། ཛིམ་འབའ་ཝེ། དབྱིན་ཡུལ་དང་ཨ་རི་བཅས་ཡིན་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།