བྲག་གཡབ་སྐྱབས་མགོན་གྱི་འཁྲུངས་སྐར་སྲུང་བརྩི།
ཟླ་འདིའི་ཚེས་༢༧ ཉིན་གྱི་སྔ་དྲོ་ཆུ་ཚོད་༨ པའི་ཐོག་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ས་གནས་སུ་རྟེན་གཞི་བྱས་པའི་དགའ་འབྲས་གཉིས་དང་གཞིས་གྲོང་ཁག་བཅུའི་ནང་ཡོད་པའི་ཁམས་བྲག་གཡབ་པ་སེར་སྐྱ་མི་མང་༢༠༠ ཙམ་མོན་གྷོ་ནོར་བུ་རི་རྩེར་འདུ་འཛོམས་ཐོག བྲག་གཡབ་སྐྱབས་མགོན་དགུང་ལོ་༧༥ ལ་ཕེབས་པའི་སྐུའི་འཁྲུངས་སྐར་སྲུང་བརྩི་བྱས་ཡོད་པ་རེད།
མཛད་སྒོའི་སྐུ་མགྲོན་གཙོ་བོ་ཕྱོགས་བཞུགས་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་དང་ས་འཐུས་ཚོགས་གཞོན་དགེ་བཤེས་རྣམ་རྒྱལ་རྒྱལ་མཚན། རང་བདེན་ཚོགས་གཙོ་སྤྲུལ་སྐུ་འཇམ་དབྱངས་ཡོན་ཏན། བྲག་གཡབ་ཆུ་ཚང་རིན་པོ་ཆེའི་གཙོས་སྐུ་མགྲོན་རྣམ་པ་དང་། སེར་སྐྱ་མི་མང་བཅས་ཕེབས་ཡོད་པ་རེད།
སྐུའི་འཁྲུངས་སྐར་སྲུང་བརྩི་དང་སྟབས་བསྟུན་ནས་ཉེ་ཆར་རྒྱ་ནག་གཞུང་གི་བཙོན་འོག་ནས་སྐུ་གྲོངས་པའི་ལི་ཐང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་དམ་པ་གང་ཉིད་ཀྱི་ཆེད་དུ་སྨོན་ལམ་གསོག་སྒྲུབ་ཞིག་ཀྱང་ཞུས་ཡོད་པ་རེད།།
ལྷོ་ཕྱོགས་གསར་འགོད་པ་ཐུབ་བསྟན་བཀྲིས།