བླ་མ་ཚེ་སྲིང་མིན་གལ་ཆེ་ཤོས་ནི་དད་པ་དང་དམ་ཚིག་གཙང་མ་དགོས་པ་དེ་རེད།

ཟླ་འདིའི་ཚེས་༦  ཉིན་རྒྱ་གར་ལྷོ་ཕྱོགས་མོན་གྷོ་བོད་མིའི་གཞིས་སྒར་འབྲས་སྤུངས་དགའ་ལྡན་ཕོ་བྲང་དུ་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་སྲུང་བརྩི་དང་འབྲེལ་དགེ་ལུགས་ཡོངས་ཀྱི་༧རྒྱལ་བའི་བཀའ་དྲིན་རྗེས་དྲན་ཚོགས་ཆུང་ནས། ལོ་ཧྲིལ་པོ་༧རྒྱལ་བའི་བཀའ་དྲིན་རྗེས་དྲན་སྲུང་བརྩི་ལེགས་པར་གྲུབ་པའི་བརྟན་བཞུགས་དང་།   མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་བཙུགས་ནས་མི་ལོ་ལྔ་བཅུ་འཁོར་བའི་དུས་དྲན་དང་སྟབས་བསྟུན། བརྟན་བཞུགས་བསྟར་འབུལ་ཞུ་རྒྱུའི་མཚོན་འཁྲུངས་སྐར་སྲུང་བརྩི་ཞུས་ཡོད་པ་རེད།

news photos barth day of dalia lama 2016 7 6 (3)དེ་ཡང་ཉིན་འདིའི་ཞོགས་པ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དང་ཤར་བྱང་གི་ཆོས་རྗེ་རྣམ་གཉིས། གདན་ས་གྲྭ་ཚང་ཁག་གི་མཁན་ལས་ཟུར་རྣམ་པ་དབུ་བཞུགས་ཀྱིས་དགེ་འདུན་འདུས་མང་ནས་སྐུའི་ཚེ་སྒྲུབ་གསོག་སྒྲུབ་གནང་ཡོད་པ་དང་།   ཆུ་ཚོད་༨   པ་ཙམ་ལ་སྤྱན་རྒྱ་སྤོས་སྣེས་སྔོན་བསུས་ཏེ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་འབྲས་སྤུངས་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་གཟིམས་ཆུང་ནས་འབྲས་སྤུངས་ཚོགས་ཆེན་འདུ་ཁང་དུ་གདན་ཞུས་ཐོག་བཞུགས་ཁྲིར་འཁོད་མཚམས་སུ་ཚོགས་ཆེན་དབུ་མཛད་ནས་ཞལ་འདོན་རྒྱུན་ཆགས་གསུམ་པ་དང་།    རྒྱལ་བའི་འཁྲུངས་རབས་གསོལ་འདེབས།      པཎ་གྲུབ་བསྟོད་ཆེན་སོགས་ཆོས་སྤྱོད་གསུང་མུར་རྟེན་མཚོན་གསོལ་ཇ་འབྲས་སིལ་འདེགས་འབུལ་ཞུས་སོང་།

དེ་ནས་རྗེས་ཚེ་འཛིན་མའི་ཆོ་གའི་སྒོ་ནས་༧གོང་ས་མཆོག་ལ་བརྟན་བཞུགས་དངོས་གཞི་འདེགས་འབུལ་ཞུ་སྐབས་རྡོ་རྗེ་སློབ་དཔོན་དགའ་ལྡན་ཁྲི་རིན་པོ་ཆེས་མཎྜལ་ལྗགས་བཤད་གནང་བ་དང་འབྲེལ་དགེ་ལུགས་སྤྱི་འཐུས་གཉིས་ནས་འབུལ་ཚོམ་ཟུར་འདེགས་ཀྱིས་འབུལ་བཞེས་གནང་བ་མ་ཟད།    སྐུ་གསུང་ཐུགས་རྟེན་དང་།   ནབ་བཟའ་ཉེར་སྤྱད་བཀྲིས་རྟགས་རྫས་སོགས་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་གྲུབ་མཚམས་སུ་ཤར་བྱང་གི་ཆོས་རྗེ་རྣམ་གཉིས་དང་།   གྲྭ་ཚང་བཅུ་གཅིག་གི་མཁན་པོ་རྣམ་པ།   མོན་གྷོ་ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་བཅས་མཇལ་བཅར་དང་འབྲེལ་འབུལ་དངོས་རྣམས་སྤྱན་འབུལ་ཞུས་སོང་།

སྐབས་དེར་གནས་ཆུང་ཆོས་རྒྱལ་ཆེན་མོ་སྤྱན་འདྲེན་ཡང་ཞུས་སོང་།   དེ་ནས་ཤར་པ་ཆོས་རྗེ་མཆོག་ནས་བཀའ་དྲིན་གཏང་རག་གི་མཎྜལ་འདེགས་འབུལ་ཞུས་གྲུབ་མཚམས་སུ་མོན་གྷོ་ས་གནས་འགོ་འཛིན་མཆོག་གིས་མཎྜལ་རྟེན་གསུམ་འདེགས་འབུལ་དང་འབྲེལ།   དགེ་ལུགས་ཡོངས་ཀྱི་རྒྱལ་བའི་བརྟན་བཞུགས་དང་བཀའ་དྲིན་རྗེས་དྲན་ཚོགས་ཆུང་གི་ཚོགས་མི་རྣམས་དང་།   མོན་གྷོ་གཞིས་ཆགས་ཀྱི་ལས་ཀྱི་སྣེ་མོ་བ་ཁག་ཅིག་ལ་མཇལ་ཁ་བསྩལ་བ་དང་།   བརྟན་བཞུགས་ཚོགས་ཆུང་གི་སྤྱི་ཁྱབ་འབྲེལ་མཐུད་པ་བླ་མ་ཆོས་འཕེལ་བཟོད་པས་ཐེངས་འདིའི་བརྟན་བཞུགས་དང་འབྲེལ་བའི་ལས་བསྡོམས་དང་རྩིས་ཁྲ་བཅས་སྙན་སྒྲོན་ཞུས་སོང་།

news photos barth day of dalia lama 2016 7 6 (1)གཞན་ཡང་གཞུང་བསྟེན་སྲུང་མ་གནས་ཆུང་ཆོས་རྒྱལ་ཆེན་མོ་ཡང་སྤྱན་འདྲེན་ཞུས་སོང་ལ། གཤེགས་གསོལ་གྲུབ་པ་དང་ཆབས་ཅིག        ༧གོང་ས་མཆོག་གིས་བརྟན་བཞུགས་དང་འབྲེལ་བཀའ་སློབ་བསྩལ་སྐབས།   ཐེངས་འདིའི་བརྟན་བཞུགས་དེ་ནི་སྔར་གྱི་ལམ་ལུགས་སྲོལ་ཙམ་མིན་པར་དུས་སྐབས་གཉན་ཕྲང་ཅན་འདིའི་སྐབས་ལྷག་བསམ་དང་མོས་གུས་གདུང་ཤུགས་དྲག་པོས་ཕུལ་བ་ཞིག་ཆགས་ཡོད་སྟབས། བདེན་པའི་ནུས་པ་ཞིག་ཏན་ཏན་ཡོད་པ་མ་ཟད་བསྟན་སྲུང་དམར་ནག་གཉིས་གཙོ་བོར་གྱུར་བའི་དཀར་ཕྱོགས་སྐྱོང་བའི་སྲུང་མ་ཚོས་ཀྱང་གྲོགས་དང་འཕྲིན་ལས་མཛད་བཞིན་ཡོད་སྐོར་དང་།   ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གང་ཉིད་དགུང་གྲངས་༡༡༣   བར་བཞུགས་ཐུབ་རྒྱུ་ལྷ་དང་བླ་མའི་ལུང་བསྟན་དང་གཟིམ་ལམ་སོགས་མང་པོ་ཞིག་ནས་རྟགས་མཚན་བྱུང་བ་མ་ཟད་མགོན་པོ་གང་ཉིད་ནས་ཀྱང་རྒྱུན་དུ་ཐུགས་སྨོན་གནང་བཞིན་པ་ཡིན།   འོན་ཀྱང་དགུང་གྲངས་༡༡༣   བཞུགས་ཐུབ་མིན་གཙོ་བོ་ནི་རྒྱུ་རྐྱེན་རྟེན་འབྲེལ་མང་པོ་ཞིག་ལ་ལྟོས་དགོས་པ་ཞིག་ཆགས་ཡོད་ལ།     ལྷག་པར་དུ་ཆོས་ཕྱོགས་ནས་བླ་སློབ་ཀྱི་དམ་ཚིག་གལ་ཆེན་པོ་ཡིན་སྟབས་བླ་མ་ཚེ་སྲིང་མིན་གལ་ཆེ་ཤོས་ནི་དད་པ་དང་དམ་ཚིག་གཙང་མ་དགོས་པ་དེ་རེད་ཅེས་བཀའ་གནང་སོང་།
གཞན་ཡང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་གང་ཉིད་སྐུ་ཚེ་ཡུན་དུ་འཚོ་བཞེས་ཐུབ་སྟེ་འགྲོ་དོན་རྒྱ་ཆེ་གནང་ཐུབ་པའི་ཐུགས་སྨོན་གནང་བཞིན་པ་ལྟར་ཆོས་ལུགས་མི་འདྲ་བ་དང་ཤེས་ཡོན་ཅན་ཚང་མས་དགའ་པོ་བྱེད་པ་དང་ཕན་ཐོགས་ཡོང་བཞིན་ཡོད་སྐོར་སོགས་བཀའ་གནང་སོང་།
གཞན་ཡང་ཤར་པ་ཆོས་རྗེ་རིན་པོ་ཆེ་མཆོག་ནས་གཏང་རག་གི་མཎྜལ་འདེགས་འབུལ་དང་ས་གནས་གཞིས་འགོ་ནས་མཎྜལ་རྟེན་གསུམ་འདེགས་འབུལ་དང་འབྲེལ་དགེ་ལུགས་ཡོངས་ཀྱི་རྒྱལ་བའི་བརྟན་བཞུགས་དང་བཀའ་དྲིན་རྗེས་དྲན་ཚོགས་ཆུང་གི་ཚོགས་མིི་རྣམ་པ། ས་གནས་ཀྱི་འཐུས་མི་གསུམ་བཅས་ལ་མཇལ་་བ་བཅས་ཀྱི་སྒོ་ནས་ཐེངས་འདིའི་བརྟན་བཞུགས་དེ་མཇུག་ཡོངས་སུ་གྲུབ་ཡོད་པ་རེད།།
ལྷོ་ཕྱོགས་གསར་འགོད་པ་ཐུབ་བསྟན་བཀྲིས།