བློས་གྲོད་པར་བཀལ། གྲོད་པས་ཆུ་གློད།
བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༥༩༥ ཕྱི་ལོ་ ༢༠༡༦/༥/༡༨
བློས་གྲོད་པུར་བཀལ། གྲོད་པས་ཆུ་གློད་ཅེས་པའི་གཏམ་དཔེ་འདི་ཉིད་མཐོང་བ་ཙམ་གྱིས་དབང་འཛིན་པ་དག་གི་སྣང་བར་གཏན་ནས་མི་འགྲོ་བ་ཞིག་ཏུ་འགྱུར་ངེས་ནའང། བོད་ཀྱི་གནས་སྟངས་ཛ་དྲག་ཅན་དུ་འགྱུར་བཞིན་པའི་སྐབས་སུ་གནད་དོན་ངོ་མ་གང་ཡིན་མིན་གྱི་ཐོག་ལ་ལག་པ་འཆང་ཙམ་ཡང་མ་བྱས་ནས་བརྒྱུད་ལམ་ཞིག་གཉེར་བའི་དོན་གོ་ཡང་གཏན་ནས་ཆོད་མེད། ད་ལན་སྐབས་སུ་བབ་པའི་གླེང་བྱ་གཙོ་བོ་བོད་མི་རིགས་དང། བོད་རྒྱལ་ཁབ་སླར་གསོའི་གནད་དོན་ཐོག་ནས་བཤད་ན་ཧ་ཅང་ཛ་དྲག་ཆེ་ཞིང་གལ་གནད་ཅན་གྱི་དུས་སྐབས་ཤིག་ཏུ་འཁེལ་ཡོད། དུས་སྐབས་འདི་འདྲ་ཞིག་བོད་མིའི་སྒྲིག་འཛུགས་ཀྱི་དབུ་ཁྲིད་དག་གི་བསམ་བློའི་ནང་དུའང་དེ་དང་མཚུངས་པའི་ལྟ་སྟངས་ཤིག་ངེས་པར་དུ་ཡོད་དགོས། རང་དབང་རང་བཙན་ཤོར་ནས་སྲིད་དོན་སྐྱབས་བཅོལ་བ་ཞིག་གི་ངོས་ནས་བཤད་ན་རང་ཉིད་ཀྱི་གནས་བབས་ངོ་མ་དེ་ངོས་ཟིན་པའི་ཐོག་ནས་བསམ་བློ་གཏོང་དགོས་པ་དང་། དེ་དང་མཐུན་པའི་འཆར་གཞི་སྒྲིག་དགོོས།
བཙན་བྱོལ་བོད་མིའི་ཆབ་སྲིད་ཀྱི་འགོ་ཁྲིད་གཙོ་བོ་སྲིད་སྐྱོང་དང། དེའི་ལས་རོགས་བཀའ་བློན་རྣམ་པ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་བགྲེས་གཞོན་གཉིས་ཀྱིས་གཙོས་སྤྱི་འཐུས་རྣམས་ལ་མཚོན་ནའང། རང་ཉིད་ཀྱི་ལས་གནས་དེ་རྩ་དོན་འཐབ་རྩོད་བྱེད་པའི་འགན་ཁུར་ཁོ་ན་ཡིན་པ་ལས། གོ་གནས་དང་དབང་ཆ་ཞིག་ཏུ་ངོས་འཛིན་བྱས་ན་རྩ་བ་ནས་རུལ་སུངས་ཅན་དུ་གྱུར་སོང་བ་རེད། སྤྱིར་རང་བཙན་ཡོད་པའི་རྒྱལ་ཁབ་དག་གི་སྲིད་འཛིན་དང་སྲིད་བློན། བློན་ཆེན། གྲོས་ཚོགས་ཀྱི་འཐུས་མི་སོགས་ལས་འགན་ཆེན་པོ་ཞིག་ཡིན་པ་སྨྲོས་མེད་ཐོག གོ་གནས་དང་དབང་ཆ་ཆེན་པོ་ཞིག་ཏུ་གྱུར་ཡོད་པའང་བཤད་མ་དགོས་པ་རེད། གནས་སྟངས་འདི་དག་ལ་དཔེ་འགེབས་དང་མཚུངས་བསྡུར་བྱེད་ཐབས་གཏན་ནས་མེད་པའང་བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་འོས་འདེམས་བྱས་པའི་མི་ཚང་མའི་སེམས་ལ་ངེས་དགོས་པའི་གནད་དོན་ཞིག་ཏུ་གྱུར་ཡོད།
གནད་དོན་འདི་དག་གི་ཐོག་ནས་བསམ་བློ་བཏང་ན་དབང་ཆའི་འཐབ་རྩོད་ཀྱི་གནད་དོན་འདི་གལ་ཆེན་པོ་ཞིག་ཏུ་འགྱུར་མི་སྲིད་པ་དང། དེ་ལ་བརྟེན་ནས་ལྷ་ཀླུ་འབྱུང་པོ་ཚང་མ་འཁྲུག་དགོས་པའི་གནད་དོན་ཞིག་ཏུའང་གཏན་ནས་འགྱུར་མི་སྲིད། རྩ་དོན་འཐབ་རྩོད་ཀྱི་གོང་བུ་གཅིག་ཏུ་སྒྲིལ་བའི་ནུས་པ་དེ་ཡང་འཐོར་ཞིག་ཏུ་འགྲོ་མི་སྲིད་པ་རེད་སྙམ། འོན་ཀྱང་བཙན་བྱོལ་ནང་འོས་འདེམས་བྱས་པའི་མི་སྣ་དག་གིས་རང་ཉིད་རང་བཙན་ཡོད་པའི་རྒྱལ་ཁབ་ཁག་གི་སྲིད་འཛིན་དང་སྲིད་བློན་ལྟ་བུ་དང། བློན་ཆེན་དང་གྲོས་ཚོགས་འཐུས་མི་ཞིག་དང་གཅིག་མཚུངས་ཡིན་པའི་ལྟ་ཚུལ་དེ་ཡོད་ཚར་བའི་རྗེས་སུ་རང་བཞིན་གྱིས་དབང་ཆའི་འཐབ་རྩོད་འདི་དག་ཀྱང་ཡོང་གི་ཡོད་པ་རེད་ལ། མ་འོངས་པར་ཡང་འདི་ལ་བརྟེན་ནས་བཙན་བྱོལ་བོད་མིའི་ཆིག་སྒྲིལ་གྱི་ནུས་པའང་རྦད་དེ་རྩ་འཐོར་དུ་འགྲོ་ངེས་ལྟ་བུ་རེད། དེར་བརྟེན་ལས་འགན་ཙམ་ལས་གོ་དབང་ཞིག་ཏུ་ངོས་འཛིན་བྱེད་མི་རུང་བ་དང། དོན་དངོས་ཐོག་ནས་དེ་ལྟར་མིན་པ་དེ་ཡང་ངོས་འཛིན་གསལ་པོ་ཡོད་དགོས།
གོང་གི་གནད་དོན་དེ་དག་གཞི་རྩར་བཞག་ནས་ལས་དོན་གང་བསྒྲུབས་ཀྱང་བསམ་བློ་གཏོང་སའི་གཞི་རྩ་གལ་ཆེན་ཞིག་ཡོད་པ་ལས། རང་དབང་རང་བཙན་ཡོད་པ་ལྟ་བུའི་སྣང་བ་ཤར་ན་དེ་ནི་དོན་གྱིས་རང་ཉིད་དང་བོད་མི་རིགས་ལ་མགོ་སྐོར་བཏང་བ་རེད། བོད་ས་ཤོར་བ་ནས་བཟུང་གཞིས་བཞུགས་བོད་མི་རྣམས་ཀྱིས་རེ་བའི་མིག་འབུར་གཏོད་ས་ནི་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་། བོད་མིའི་སྒྲིག་འཛུགས་འདི་ཉིད་ཡིན། ད་བར་བོད་ཀྱི་རྩ་དོན་ཆེད་བོད་མི་འབུམ་བཅུ་གཉིས་ལྷག་རྐྱེན་འདས་སུ་གྱུར་པ་མ་ཟད། ཕྱི་ལོ་༢༠༠༩ ཟླ་༢ ཚེས་༢༧ ནས་བཟུང་ད་བར་བོད་ཆོལ་ཁ་གསུམ་གྱི་ཁྱོན་ནས་རྒྱ་གཞུང་ལ་ཞི་རྒོལ་ཆེད་རང་ལུས་མེར་བསྲེགས་གནང་མཁན་ཤེས་རྟོགས་ར་སྤྲོད་གསལ་པོ་བྱུང་བའི་བོད་མི་༡༤༤ བྱུང་ཡོད། བོད་དོན་ཆེད་བཙོན་ཁང་དུ་ལུས་པ་ཇི་སྙེད་ཅིག་བྱུང་ཡོད་པ་དེ་དག་གིས་བོད་མིའི་སྒྲིག་འཛུགས་འདི་ལ་ཡིད་ཆེས་བློ་གཏད་བྱས་ཡོད་པས། “བློས་གྲོད་པར་བཀལ། གྲོད་པས་ཆུ་གློད་”ཅེས་པ་ལྟར་བྱེད་མི་རུང་བ་ཧ་ཅང་གལ་ཆེ།
མདོར་ན་ང་ཚོར་བོད་དོན་འཐབ་རྩོད་ཀྱི་ལས་འགན་ཧ་ཅང་ཆེན་པོ་ཞིག་ཡོད་པ་དང། བོད་མིའི་སྒྲིག་འཛུགས་ཀྱི་ལས་འགན་གཙོ་བོ་བོད་དོན་བདེན་མཐའ་གསལ་ཐབས་བྱ་རྒྱུ་དེ་ཡིན་པ་ལས། མུ་མཐུད་མིའི་ལུང་པར་ཇི་ལྟར་སྡོད་དགོས་མིན་དང། མཐུན་རྐྱེན་དང་ཁེ་ཕན་ག་རེ་རག་མིན། ལྷག་པར་དུ་སྒྲིག་འཛུགས་འདི་ཉིད་རང་བཙན་རྒྱལ་ཁབ་ཅིག་གི་སྲིད་གཞུང་ལྟ་བུར་ངོས་འཛིན་གྱིས། ལག་པ་བཟེད་མཁན་གྱིས་བཟེད་རྐྱང་དང། ཁེ་ཕན་ལེན་མཁན་གྱིས་ལེན་རྐྱང་བྱེད་མི་འོས་པ་མ་ཟད། གཙོ་ཆེ་ཤོས་འགན་ཁུར་མཁན་དག་གིས་ངོས་ནས་ཀྱང་ལས་འགན་ཆེན་པོ་ཞིག་ཡོད་པ་ཙམ་ལས། གོ་གནས་དང་མིང་ཆེན་པོ་ཞིག་མེད་པ་ལ་མེད་པར་ངོས་འཛིན་གསལ་པོ་ཞིག་མེད་ན་ཕྱོགས་གང་ཐད་ནས་གྲུབ་འབྲས་དམིགས་བསལ་ཞིག་ཐོན་མི་སྲིད་པ་རེད། དེ་བཞིན་དུས་རབས་ཉེར་གཅིག་པའི་ནང་དུ་མི་ཡི་ལས་ཀ་མི་ཡིས་བསྒྲུབས་དགོས་པ་ལས་ལྷ་འབབ་ཀླུ་འབབ་དང། ལྷ་འཁྲུག་ཀླུ་འཁྲུག་གི་ཐབས་ཤེས་འདི་དག་ནི་ལག་པ་འཕྱི་སའམ། མགོ་སྐོར་གཏོང་བྱེད་ཙམ་དུ་མཐོང།།