བྷ་ཌན་སྲིད་གཞུང་གིས་ཐའེ་ཝན་ལ་རང་སྲུང་གི་གོ་མཚོན་འཚོང་རྒྱུའི་མོས་མཐུན་བྱས་འདུག

 བྷ་ཌན་སྲིད་གཞུང་གིས་ཐའེ་ཝན་ལ་ཨ་སྒོར་ས་ཡ་༧༥༠ ཙམ་གྱི་རང་སྲུང་མཚོན་ཆ་འཚོང་རྒྱུའི་མོས་མཐུན་བྱས་པར། ཐའེ་ཝན་ཕྱི་སྲིད་ཁུངས་ནས་ཐུགས་རྗེ་ཆེ་ཞུས་འདུག 

དེ་རིང་སྟེ་ཕྱི་ཟླ་ ༨ ཚེས་ ༥ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ནས་སྤེལ་བའི་གནས་ཚུལ་ལྟར་ན། ཨ་རིའི་ཕྱི་སྲིད་ལས་ཁུངས་ནས་ཨེ་ཤི་ཡའི་ཤར་ཕྱོགས་སུ་ཆགས་པའི་མང་གཙོའི་རྒྱལ་ཁབ་ཆུང་ཆུང་ཐའེ་ཝན་ལ་ཨ་སྒོར་ས་ཡ་༧༥༠ ཙམ་གྱི་རིན་ཐང་ལྡན་པའི་རང་སྲུང་མཚོན་ཆ་འཚོང་རྒྱུའི་མོས་མཐུན་བྱས་ཡོད་འདུག་ཅིང་། དེ་ནི་བྷ་ཌན་སྲིད་གཞུང་གིས་འོག་ནས་ཐའེ་ཝན་ལ་གོ་མཚོན་འཚོང་རྒྱུའི་མོས་མཐུན་བྱས་པ་ཆེས་ཐོག་མ་དེ་ཆགས་ཀྱི་ཡོད་འདུག 

འབྲེལ་ཡོད་ཚོགས་པ་དང་མི་སྣ་དག་གིས་བརྗོད་པ་ལྟར་ན། ཐེངས་འདིར་ཨ་རིས་ཐའེ་ཝན་ལ་འཚོང་འཆར་ཡོད་པའི་གོ་མཚོན་ཁྲོད་དུ། ཐའེ་ཝན་གྱི་རང་སྲུང་མ་ལག་དེང་རབས་ཅན་དུ་སྒྱུར་བྱེད་ཀྱི་གོ་མཚོན་ཐོན་གསར་ཤོས་མང་པོ་ཞིག་ཡོད་འདུག

ཐའེ་ཝན་ཕྱི་སྲིད་ལས་ཁུངས་ནས་དེ་རིང་རེས་གཟའ་ཕུར་བུའི་ཉིན་ཨ་རིའི་སྲིད་གཞུང་ལ་ཐའེ་ཝན་གྱི་རང་སྲུང་གཙིགས་སུ་བཟུང་བར་བཀའ་དྲིན་ཆེ་ཞུས་པའི་ཐོག ཐེངས་འདིའི་བྱ་སྤྱོད་ཀྱིས་ཝ་ཤིན་ཏྲོན་སྲིད་གཞུང་ནས་“དུས་རྟག་ཏུ་ཐའེ་ཝན་གྱི་རང་སྲུང་ནུས་པ་གལ་ཆེན་དུ་བཟུང་སྟེ། ཉེ་བའི་ལོ་ཤས་ནང་ཐའེ་ཝན་ལ་གོ་མཚོན་འཚོང་བའི་ལུགས་སྲོལ་དེའི་རྒྱུན་བསྐྱངས་ཡོད་”ཅེས་བསྣན་ཡོད་འདུག 

དེ་མིན་ད་དུང་། ཐའེ་ཝན་ཕྱི་སྲིད་ལས་ཁུངས་ཀྱིས་“སོ་སོའི་མི་མང་གི་ཚེ་སྲོག་དང་། རྒྱུ་ནོར། མང་གཙོའི་ལམ་ལུགས་སྲུང་སྐྱོབ་ཆེད་དུ་”རྒྱལ་སྲུང་མ་ལག་མུ་མཐུད་ཡར་རྒྱས་གོང་མཐོར་གཏོང་རྒྱུ་ཡིན་སྐོར་བརྗོད་པ་མ་ཟད། ཨ་རི་དང་མཉམ་འབྲེལ་གྱིས་ཐའེ་ཝན་གྱི་མཚོ་འགག་དང་། “ཞི་བདེ་རྒྱ་མཚོའི་ཁུལ་དུ་ཡུན་གནས་ཀྱི་ཞི་བདེ་དང་། བརྟན་ལྷིང་། དར་རྒྱས་བཅས་”ཡོང་བ་བྱེད་རྒྱུ་ཡིན་སྐོར་བསྣན་ཡོད་འདུག 

དེང་སྐབས་རྒྱ་ནག་གིས་རྒྱལ་ཁབ་གཞན་ལ་བཙན་ཤེད་དང་ཧམ་པ་བྱེད་ཤུགས་ཆེ་རུ་བཏང་ནས་ཐའེ་ཝན་ལ་དྲག་པོའི་བཙན་འཛུལ་བྱེད་རྒྱུ་ཡིན་པའི་འཇིགས་སྐུལ་རྒྱུན་མི་ཆད་པར་བྱེད་ཀྱིན་ཡོད་རུང་། ཨ་རིས་ཐའེ་ཝན་སྲིད་གཞུང་གི་ལམ་ལུགས་དང་། ས་ཆའི་གནས་བབ་གཉིས་ཀའི་ཐོག་ནས་ཤིན་ཏུ་གལ་ཆེན་དུ་བཟུང་སྟེ་མཐའ་གཅིག་ཏུ་སྲུང་སྐྱོབ་བྱེད་རྒྱུ་ཡིན་པའི་རྣམ་འགྱུར་སྟོན་བཞིན་ཡོད་ཅིང་། དེ་ལ་བརྟེན་ནས་ཐའེ་ཝན་གྱིས་ཀྱང་གོ་སྐབས་དམ་འཛིན་བྱས་ཏེ་རྒྱ་ནག་ལས་ཐ་དད་པའི་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་པའི་རྣམ་པ་སྟོན་བཞིན་ཡོད་པ་རེད། ། 

གསར་འགོད་པ་དཀོན་མཆོག་རབ་བརྟན། 

 

This will close in 0 seconds