བྷང་ལ་དྷེ་ཤིའི་ནང་གཞུང་གི་ཁྲིམས་འཆར་གསར་པ་ཞིག་དང་འབྲེལ་ནས་མི་མང་གིས་ངོ་རྒོལ་རྒྱ་ཆེན་བྱེད་བཞིན་པ། 

DW News གསར་ལམ་གྱི་པར།

བྷང་ལ་དྷེ་ཤི་ནང་གཞུང་གི་ལས་ཀའི་ས་མིག་མང་པོ་ཞིག་བྷ་ལ་དྷེ་ཤིའི་རྒྱལ་ཁབ་ཀྱི་ཆེད་དམག་འཁྲུག་ཁྲོད་འདས་གྲོངས་སུ་གྱུར་པའི་དམག་མི་གཙོས་པའི་བྱས་རྗེས་ཅན་གྱི་བུ་ཕྲུག་ཚོ་ལ་སྤྲོད་རྒྱུའི་ཁྲིམས་འཆར་ཞིག་དེ་སྔོན་བཏོན་ནས་ཁྲིམས་ཁང་གིས་བཀའ་འདུག་ཀྱང་། ཉེ་ཆར་ཁྲིམས་འཆར་དེ་སླར་ཡང་གྲོས་ཚོགས་སུ་སླེབས་པར་བརྟེན། མཐོ་སློབ་སློབ་མ་མང་པོས་ཁྲིམས་འཆར་དེ་ནི་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་འགལ་ཡོད་ཚུལ། དེ་བཞིན་དྲང་བདེན་མིན་ཚུལ་སོགས་བརྗོད་ནས་ངོ་རྒོལ་རྒྱ་ཆེན་པོ་བྱེད་བཞིན་ཡོད་འདུག 

ཕྱི་ཚེས་༢༥ (DW News)ཟེར་བའི་འཇར་མན་གྱི་གསར་ཁང་ཞིག་གིས་གནས་ཚུལ་སྤེལ་གསལ་ལྟར་ན། བྷ་ལ་དྷེ་ཤིའི་ནང་གཞུང་གི་ལས་ཀའི་ས་མིག་བརྒྱ་ཆ་༣༠ དེ། ཕྱི་ལོ་༡༩༧༡ ལོར་བྷ་ལ་དྷེ་ཤི་པ་ཀི་སི་ཐན་གྱི་དབང་སྒྱུར་འོག་ནས་རང་བཙན་ལེན་མཁན་གྱི་དམག་མིའམ་བྱས་རྗེས་ཅན་གྱི་མི་སྣ་ཚོའི་བུ་ཕྲུག་དང་ཚ་བོ་ཚ་མོ་རྣམས་ལ་སྤྲོད་རྒྱུའི་ཁྲིམས་འཆར་ཞིག་སླར་ཡང་གྲོས་སུ་སླེབས་པར་བརྟེན། མཐོ་སློབ་ཀྱི་སློབ་མ་མང་པོས་ཁྲིམས་འཆར་དེ་ནི་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་འགལ་ཡོད་ཚུལ་དང་། དྲང་བདེན་མིན་ཚུལ་སོགས་བརྗོད་ནས་ཕྱི་ཚེས་༡༧ ནས་ངོ་རྒོལ་རྒྱ་ཆེན་པོ་བྱེད་འགོ་བཙུགས་ཡོད་འདུག

ད་བར་ཉིན་གྲངས་༨ འགྲོ་བཞིན་ཡོད་འདུག་པ་དང་། ཉིན་གྲངས་༨ རིང་ཁྱོན་མི་མང་དང་སློབ་ཕྲུག་༡༥༠ ཙམ་བདེ་སྲུང་དམག་མི་དང་གདོང་ཐུག་བྱུང་ནས་ཤི་རྨས་བྱུང་ཡོད་འདུག ཐོག་མར་ཞི་བའི་ངོ་རྒོལ་བྱས་ཡོད་འདུག་ཀྱང་། རིམ་བཞིན་ངོ་རྒོལ་བ་དང་ཉེན་རྟོག་པའི་བར་གདོང་ཐུག་ཤོར་ནས་དྲག་པོའི་དོན་རྐྱེན་བྱུང་ཡོད་འདུག དྲག་པོའི་གདོང་ཐུག་བྱུང་འགོ་བཙུགས་པ་ནས་བཟུང་ཕྱི་ཕྱོགས་སུ་གནས་ཚུལ་རིགས་ཁྱབ་སྤེལ་མི་འགྲོ་བ་དང་རྒྱལ་ནང་དུ་མི་མང་གི་ངོ་རྒོལ་ནང་མཉམ་ཞུགས་མི་བྱེད་བའི་ཆེད་དུ་གཞུང་གིས་དྲྭ་རྒྱ་ཡོངས་སུ་བཀག་སྡོམ་བྱས་ཡོད་འདུག ཕྱི་ཚེས་༡༧ ནས་མཐོ་སློབ་མང་པོ་ཞིག་ནས་སློབ་ཕྲུག་གིས་ངོ་རྒོལ་བྱེད་རྒྱུ་འགོ་འཛུགས་བྱས་ཡོད་འདུག་པར་བརྟེན་མཐོ་སློབ་མང་པོ་སྒོ་བརྒྱབས་བཅུག་ཡོད་འདུག ཁྲིམས་འཆར་དེ་ཕྱི་ལོ་༢༠༡༨ ནས་གྲོས་ཚོགས་སུ་གྲོས་བསྡུར་བྱུང་ཡོད་འདུག་པ་དང་། ད་ཐེངས་ཁྲིམས་འཆར་དེ་ཁྲིམས་ཆགས་ཏེ། དེའི་ནང་འཁོད་པའི་མི་འབོར་བརྒྱ་ཆ་༣༠ ཙམ་ཕྱི་ལོ་༡༩༧༡ ལོར་བྷ་ལ་དྷེ་ཤི་པ་ཀི་སི་ཐན་འོག་ནས་རང་བཙན་ལེན་མཁན་གྱི་མི་སྣ་བྱས་རྗེས་ཅན་དང་། དེ་དག་གི་བུ་ཕྲུག ཚ་བོ་དང་ཚ་མོའམ། བྱས་རྗེས་ཅན་རྣམས་ལ་ལས་ཀ་ཟུར་འཇོག་བྱས་ན། སྔོན་ནས་དབང་པོ་སྐྱོན་ཅན་རྣམས་ལ་བརྒྱ་ཆ་གཅིག  གྲངས་ཉུང་མི་རིགས་རྣམས་ལ་བརྒྱ་ཆ་༥། བུད་མེད་ལ་བརྒྱ་ཆ་༡༠། དེ་བཞིན་ས་ཁུལ་བྱེ་བྲག་པ་འགའ་ཤས་ལ་བརྒྱ་ཆ་༥ བཅས་ཁྱོན་བརྒྱ་ཆ་༢༦ ཟུར་འཇོག་བྱེད་ཀྱི་ཡོད་འདུག་པས།  བརྒྱ་ཆ་༢༦ ཐོག་ད་དུང་བྱས་རྗེས་ཅན་རྣམས་ལ་ས་མིག་གསར་པ་བརྒྱ་ཆ་༣༠ བཞག་ན། ལས་ཀའི་ས་མིག་ཁྱོན་བརྒྱ་ཆ་༥༦ ཟུར་འཇོག་བྱེད་དགོས་ཀྱི་ཡོད་པར་བརྟེན།  ལོ་ལྟར་མཐོ་སློབ་ཐོན་མཁན་གྱི་སློབ་མ་རྣམས་ལ་ལས་ཀ་རག་རྒྱུ་ཁག་པོ་ཆགས་རྒྱུ་ཡིན་པས།  ཐེངས་འདིར་ངོ་རྒོལ་རྒྱ་ཆེར་བྱེད་དགོས་བྱུང་ཡོད་འདུག ཕྱི་ལོ་༢༠༡༨ ལོར་ཁྲིམས་འཆར་དེ་བཏོན་ཡོད་འདུག་ཀྱང་། དེ་དུས་ངོ་རྒོལ་བྱས་པའི་རྐྱེན་གྱིས་བྷང་ལ་དྷེ་ཤིའི་ཆེས་མཐོའི་ཁྲིམས་ཁང་གིས་མཚམས་འཇོག་བྱེད་བཅུག་ཡོད་འདུག 

འདི་ལོར་ཡང་བསྐྱར་ཁྲིམས་འཆར་དེ་གཞུང་འཛིན་སྲིད་དོན་ཚོགས་པས་ཁུར་ཡོད་འདུག་ལ། སློབ་ཕྲུག་མང་པོས་ངོ་རྒོལ་བྱེད་དགོས་དོན་གཅིག་ནི། གཞུང་ནང་ལྐོག་ས་རུལ་སུངས་བྱེད་མཁན་མང་པོ་ཡོད་འདུག་པ་དང་། ལས་ཀ་གཞན་གྱི་ཆེད་དུ་ཟུར་འཇོག་བྱེད་རྒྱུ་ཡིན་ཚུལ་བརྗོད་ནས་རང་རང་གི་དགའ་ཉེ་སྤུན་མཆེད་རྣམས་ལ་སྤྲད་སྲིད་པའི་ཉེན་ཁ་མཐོང་ནས་སློབ་ཕྲུག་རྣམས་ཀྱིས་ངོ་རྒོལ་བྱེད་ཀྱི་ཡོད་འདུག ད་ཆར་བྷང་ལ་དྷེ་ཤི་རྒྱལ་ཁབ་ཀྱི་དཔལ་འབྱོར་དེ་ཙམ་ཡག་པོ་མེད་པའི་རྐྱེན་གྱིས་ན་གཞོན་ལས་མེད་ཀྱི་གྲངས་ཀ་དེ་ཧ་ཅང་མང་པོ་ཡིན་འདུག་པས། གཞུང་ཞབས་ཀྱི་ས་མིག་ཁྲོད་བརྒྱ་༥༦ གང་ཟག་བྱེ་བྲག་པ་རྣམས་ལ་ཟུར་འཇོག་བྱས་ན་མཐོ་སློབ་ཐོན་མཁན་གྱི་སློབ་མ་རྣམས་ལ་ལས་ཀ་མེད་པའི་དཀའ་ངལ་ཆེན་པོ་འཕྲད་རྒྱུ་ཡིན་འདུག 

གསར་འགོད་པ། བསོད་ནམས་ཕུན་ཚོགས།