བྷང་ལ་དྷེ་ཤིའི་སྲིད་བློན་དགོངས་ཞུ་དང་བར་གནས་ཀྱི་སྲིད་གཞུང་གསར་འཛུགས།

རྒྱ་གར་གྱི་ཁྱིམ་མཚེས་རྒྱལ་ཁབ་བྷང་ལ་དྷེ་ཤི་ནི་རྒྱ་གར་གྱི་བྱང་ཤར་ཕྱོགས་སུ་ཆགས་ཤིང་། ད་ལྟ་རྒྱལ་ཁབ་དེར་མི་འབོར་ས་ཡ་༡༧༠ ཙམ་འཚོ་གནས་བྱེད་ཀྱི་ཡོད་པ་དང་། ཕྱི་ལོ་༡༩༧༡ ལོར་བྷང་ལ་དྷེ་ཤི་པ་ཀི་སི་ཐན་གྱི་དབང་འོག་ནས་རང་བཙན་རག་ཡོད་པ་རེད།  ཉེ་ཆར་ཕྱི་ལོ་༡༩༧༡ ལོར་བྷང་ལ་དྷེ་ཤི་ཡི་རང་བཙན་འཐབ་རྩོད་སྐབས་སུ་དམག་འཁྲུག་ཁྲོད་ཞུགས་མྱོང་མཁན་བྱས་རྗེས་ཅན་གྱི་བྷ་ལ་དྷེ་ཤིའི་དཔའ་བོ་དང་དཔའ་མོ་ཚོ་ལ་ཆེ་བསྟོད་ཆེད་དུ་དེ་དག་གི་བུ་ཕྲུག་དང་། ཚོ་བོ་ཚ་མོ་རྣམས་ལ་གཞུང་གིས་ལས་ཀའི་ས་མིག་བརྒྱ་ཆ་༣༠ ཟུར་འཇོག་བྱེད་རྒྱུའི་ཁྲིམས་འཆར་ཞིག་ལ་བརྟེན་ནས་གཞི་རྒྱ་ཆེ་བའི་ངོ་རྒོལ་ཞིག་བྱུང་ཡོད་པ་དང་། ཁྲིམས་འཆར་དེ་ཕྱི་ལོ་༢༠༡༨ ལོར་ཐེངས་ཤིག་བཏོན་ཏེ་སྐབས་དེར་ངོ་རྒོལ་ལ་བརྟེན་ནས་ཁྲིམས་ཁང་གིས་བཀག་ཡོད་ཀྱང་ཟླ་བ་སྔོན་མར་ཁྲིམས་འཆར་དེ་སླར་ཡང་གྲོས་ཚོགས་སུ་བསླེབས་པར་བརྟེན། མཐོ་སློབ་ཀྱི་སློབ་མ་མང་པོས་ཁྲིམས་འཆར་དེ་ནི་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་འགལ་ཡོད་ཚུལ་དང་། དྲང་བདེན་མིན་ཚུལ་སོགས་བརྗོད་ནས་ཕྱི་ཟླ་༦ པའི་འགོ་སྟོད་ཙམ་ནས་གཞི་རྒྱ་ཆེ་བའི་ངོ་རྒོལ་དེ་བྱེད་འགོ་བཙུགས་ཡོད་འདུག

ཐོག་མར་ཞི་བའི་རྣམ་པའི་ཐོག་ནས་ངོ་རྒོལ་བྱས་ཡོད་འདུག་ཀྱང་། རིམ་བཞིན་ངོ་རྒོལ་བ་དང་ཉེན་རྟོག་པའི་བར་གདོང་ཐུག་ཤོར་ནས་དྲག་པོའི་དོན་རྐྱེན་དུ་གྱུར་ཡོད་འདུག་པ་དང་། དྲག་པོའི་གདོང་ཐུག་བྱུང་འགོ་ཚུགས་པ་ནས་བཟུང་ཕྱི་ཕྱོགས་སུ་གནས་ཚུལ་རིགས་ཁྱབ་སྤེལ་མི་འགྲོ་བ་དང་། རྒྱལ་ནང་དུ་མི་མང་གི་ངོ་རྒོལ་ནང་མཉམ་ཞུགས་མི་བྱེད་པའི་ཆེད་དུ་གཞུང་གིས་དྲྭ་རྒྱ་ཡོངས་སུ་བཀག་སྡོམ་བྱས་ཡོད་འདུག རིམ་བཞིན་མཐོ་སློབ་མང་པོ་ཞིག་ནས་སློབ་ཕྲུག་གིས་ངོ་རྒོལ་བྱེད་རྒྱུ་འགོ་འཛུགས་བྱས་ཡོད་འདུག་པར་བརྟེན། མཐོ་སློབ་མང་པོ་ཞིག་སྒོ་བརྒྱབས་བཅུག་ཡོད་འདུག གལ་སྲིད་ད་ཐེངས་ཁྲིམས་འཆར་དེ་ཁྲིམས་སུ་ཆགས་ཏེ། དེའི་ནང་འཁོད་པའི་གཞུང་གི་ལས་ཀ་བརྒྱ་ཆ་༣༠ ཙམ་ཕྱི་ལོ་༡༩༧༡ ལོར་བྷ་ལ་དྷེ་ཤི་པ་ཀི་སི་ཐན་འོག་ནས་རང་བཙན་ལེན་མཁན་གྱི་མི་སྣ་བྱས་རྗེས་ཅན་དང་། དེ་དག་གི་བུ་ཕྲུག ཚ་བོ་དང་ཚ་མོའམ། བྱས་རྗེས་ཅན་རྣམས་ལ་ལས་ཀ་ཟུར་འཇོག་བྱས་ན། སྔོན་ནས་དབང་པོ་སྐྱོན་ཅན་རྣམས་ལ་བརྒྱ་ཆ་གཅིག  གྲངས་ཉུང་མི་རིགས་རྣམས་ལ་བརྒྱ་ཆ་༥། བུད་མེད་ལ་བརྒྱ་ཆ་༡༠། དེ་བཞིན་ས་ཁུལ་བྱེ་བྲག་པ་འགའ་ཤས་ལ་བརྒྱ་ཆ་༥ བཅས་ཁྱོན་བརྒྱ་ཆ་༢༦ ཟུར་འཇོག་བྱེད་ཀྱི་ཡོད་འདུག་པས།  བརྒྱ་ཆ་༢༦ ཐོག་ད་དུང་བྱས་རྗེས་ཅན་རྣམས་ལ་ས་མིག་གསར་པ་བརྒྱ་ཆ་༣༠ བཞག་ན། ལས་ཀའི་ས་མིག་ཁྱོན་བརྒྱ་ཆ་༥༦ ཟུར་འཇོག་བྱེད་དགོས་ཀྱི་ཡོད་པར་བརྟེན།  ལོ་ལྟར་མཐོ་སློབ་ཐོན་མཁན་གྱི་སློབ་མ་རྣམས་ལ་ལས་ཀ་རག་ཁག་པོ་ཆགས་རྒྱུ་ཡིན་འདུག སྤྱིར་བྷང་ལ་དྷེ་ཤི་རྒྱལ་ཁབ་དེ་ཨེ་ཤེ་ཡའི་ཁུལ་གྱི་དཔལ་འབྱོར་ཡར་རྒྱས་མགྱོགས་ཤོས་འགྲོ་བཞིན་པའི་རྒྱལ་ཁབ་གཅིག་ཡིན་འདུག་ཀྱང་། ད་དུང་ཡང་ན་གཞོན་མཐོ་སློབ་ཐོན་མཁན་ས་ཡ་༡༨ ཙམ་ཞིག་ལས་ཀ་མེད་པའི་དཀའ་ངལ་འཕྲད་བཞིན་ཡོད་པར་བརྟེན། ཐེངས་འདིར་ངོ་རྒོལ་རྒྱ་ཆེར་བྱེད་དགོས་བྱུང་ཡོད་འདུག ཕྱི་ལོ་༢༠༡༨ ལོར་ཁྲིམས་འཆར་དེ་བཏོན་ཡོད་འདུག་ཀྱང་། དེ་དུས་ངོ་རྒོལ་བྱས་པའི་རྐྱེན་གྱིས་བྷང་ལ་དྷེ་ཤིའི་ཆེས་མཐོའི་ཁྲིམས་ཁང་གིས་གནས་སྐབས་མཚམས་འཇོག་བྱེད་བཅུག་ཡོད་འདུག་ལ། འདི་ལོར་ཡང་བསྐྱར་ཁྲིམས་འཆར་དེ་གཞུང་འཛིན་སྲིད་དོན་ཚོགས་པས་ཁྱེར་ཡོད་འདུག 

སློབ་ཕྲུག་མང་པོས་ངོ་རྒོལ་བྱེད་དགོས་དོན་གཞན་ཞིག་ནི། སྲིད་བློན་(Sheikh Hasina) གཞུང་འཛིན་ཚོགས་པའི་ནང་དུ་ལྐོག་ས་རུལ་སུངས་བྱེད་མཁན་ཕོན་ཆེན་པོ་ཡོད་འདུག་ཀྱང་། དེ་དག་ལ་ཞིབ་བཤེར་དང་ཉེས་ཆད་གང་ཡང་མི་གཅོད་པར་བརྟེན། སྤྱི་ཚོགས་དྲྭ་ལམ་ཐོག་མི་མང་ཚོས་ཁོང་ཁྲོ་ཆེན་པོའི་ཐོག་ནས་ལྐོག་ས་རུལ་སུངས་སྐོར་གླེང་སློང་ཆེན་པོ་བྱས་ཡོད་འདུག དེ་བཞིན་གཞན་གྱི་ཆེད་དུ་ལས་ཀ་ཟུར་འཇོག་བྱེད་རྒྱུ་ཡིན་ཚུལ་བརྗོད་ནས་རང་རང་གི་དགའ་ཉེ་སྤུན་མཆེད་རྣམས་ལ་སྤྲད་སྲིད་པའི་ཉེན་ཁ་མཐོང་ནས་སློབ་ཕྲུག་རྣམས་ཀྱིས་ངོ་རྒོལ་བྱེད་ཀྱི་ཡོད་འདུག ཐེངས་འདིའི་ངོ་རྒོལ་ནང་མཉམ་ཞུགས་བྱེད་མཁན་མང་ཆེ་བ་ནི་སློབ་མ་ཡིན་ཞིང་། ཁོང་ཚོས་ཡུལ་དེའི་སྲིད་བློན་(Sheikh Hasina) ་ལས་གནས་ནས་དགོངས་པ་ཞུ་དགོས་པའི་ངོ་རྒོལ་བྱས་ཡོད་པ་དང་། སྲིད་བློན་གྱིས་ངོ་རྒོལ་བ་ཚོ་ལ་དྲག་སྤྱོད་པ་ཞེས་བརྗོད་ཅིང་། ཁ་པར་གྱི་དྲྭ་རྒྱ་ཡང་བཀག་སྡོམ་བྱས་ཡོད་འདུག ཡུལ་དེའི་དམག་དཔུང་གིས་དུས་ཚོད་ངེས་མེད་ཀྱི་རིང་ཐེམ་སྤང་བཀའ་རྒྱ་གསར་པ་ཞིག་ལག་བསྟར་བྱེད་རྒྱུའི་གསལ་བསྒྲགས་སྤེལ་ཡོད་འདུག  ཕྱི་ཚེས་༥ ཉིན་ཡུལ་དེའི་སྲིད་བློན་གྱིས་ལས་གནས་ནས་དགོངས་པ་ཞུས་ཏེ། ཉིན་གུང་ཆུ་ཚོད་༢།༣༠ ཙམ་ལ་ཁོང་དང་ཁོང་གི་ཨ་ཅག་གཉིས་དམག་གི་ཐད་འཕུར་གནམ་གྲུ་ལ་བསྡད་ནས་ནུབ་བྷན་གྷལ་(West Bengal) ཕྱོགས་སུ་འཕུར་ཡོད་པར་བརྗོད་འདུག གསར་འགྱུར་བརྒྱུད་ལམ་ཁ་ཤས་ནང་ཁོང་གཉིས་རྒྱ་གར་ལ་བྲོས་བྱོལ་དུ་ཕྱིན་ནས་Uttar Pradesh མངའ་སྡེའི་ནང་ཡོད་པའི་རྒྱ་གར་གྱི་གནམ་དམག་གི་རྟེན་གཞི་ཞིག་ལ་འབྱོར་ཡོད་པར་བརྗོད། སྲིད་བློན་(Sheikh Hasina)ཡིས་བྷང་ལ་དྷེ་ཤིའི་སྲིད་བློན་གྱི་འོས་བསྡུའི་ཁྲོད་ཐེངས་བཞི་བསྟུད་མར་ཐོབ་ནས་ལོ་༡༥ རིང་རྒྱལ་ཁབ་ཀྱི་སྲིད་དབང་བཟུང་ཡོད་འདུག་ཀྱང་། འོས་བསྡུ་དེ་དག་གི་གྲུབ་འབྲས་ནི་ཧ་ཅང་གི་རྩོད་གཞི་ཅན་རྐྱང་རྐྱང་ཡིན་འདུག 

བྷང་ལ་དྷེ་ཤི་སྲིད་བློན་ཉེན་གཡོལ་ཆེད་རྒྱ་གར་ནང་བྲོས་བྱོལ་དུ་སླེབས་རྗེས། བྷང་ལ་དྷེ་ཤེའི་དམག་སྤྱི་Waker-uz-Zaman ་ཡིས་ཆབ་སྲིད་ཚོགས་པ་ཚང་མ་ཡོད་པའི་ཐོག་ཏུ་གྲོས་བསྡུར་བྱས་ནས་བར་གནས་གཞུང་ཞིག་འཛུགས་རྒྱུའི་ཐག་གཅོད་བྱས་ཡོད་པ་དང་། ཁོང་ཚོས་སྲིད་འཛིན་དང་བཀའ་མོལ་གནང་ནས་གནད་དོན་དེ་གསལ་རྒྱུ་ཡིན་ཞེས་བརྗོད་འདུག  སྲིད་བློན་བྲོས་བྱོལ་ཕྱིན་ནས་ཉིན་གཉིས་ཀྱི་རྗེས་སུ། ཧྥ་རན་སིར་གནས་སྡོད་བྷང་ལ་དྷེ་ཤི་ནས་ཡིན་པའི་མི་མང་གིས་དགའ་མོས་ཆེན་པོ་བྱེད་སའི་དཔལ་འབྱོར་རིག་པའི་མཁས་དབང་དང་། ཕྱི་ལོ་༢༠༠༦ ལོར་ནོ་སྦེལ་ཞི་བདེ་གཟེངས་རྟགས་ཐོབ་མྱོང་མཁན་(Muhammad Yunus)ཟེར་བ་ཁོང་བྷང་ལ་དྷེ་ཤིའི་ནང་ཕྱིར་ལོག་ཡོད་འདུག་པ་དང་། མ་འོངས་པར་འོས་བསྡུའི་ལམ་ནས་གཞུང་གསར་པ་ཞིག་འཛུགས་མ་ཐུབ་བར་། ཁོང་གིས་བར་གནས་སྲིད་གཞུང་གི་སྤྱི་ཁྱབ་སློབ་སྟོན་པའི་འགན་འཁུར་བཞེས་རྒྱུ་ཡིན་འདུག 

ཕྱི་ཚེས་༨ཉིན་བྷང་ལ་དྷེ་ཤིའི་རྒྱལ་ས་(Dhaka)ནང་ཁོང་གིས་བྷང་ལ་དྷེ་ཤིའི་སྲིད་འཛིན་(Mohammed Shahabuddin)མདུན་ནས་བར་གནས་སྲིད་གཞུང་གི་སྤྱི་ཁྱབ་སློབ་སྟོན་པའི་འགན་འཁུར་བཞེས་རྒྱུའི་དམ་འབུལ་ཞུས་ཡོད་འདུག (Muhammad Yunus) ཡོ་ནུ་སི་ཁོང་རང་ལོ་༨༤ ཡིན་འདུག་པ་དང་།  ཁོང་གི་ད་ལྟའི་ལས་འགན་ནི་འབྱུང་འགྱུར་འོས་བསྡུའི་ལམ་ནས་སྲིད་གཞུང་གསར་པ་ཞིག་མ་སླེབས་བར་དུ་བར་གནས་སྲིད་གཞུང་གི་སྤྱི་ཁྱབ་སློབ་སྟོན་པའི་འགན་འཁུར་བཞེས་རྒྱུ་དང་། ད་ལྟ་ཡུལ་དེའི་ནང་གི་ཁྲིམས་ཀྱི་དབང་བསྒྱུར་འོག་བརྟན་ལྷིང་སྲུང་སྐྱོབ་བྱེད་རྒྱུ་དེ་ཡིན་འདུག (Muhammad Yunus)བྷང་ལ་དྷེ་ཤི་ནང་དུ་འབྱོར་དུས་གསར་འགོད་པར་ད་ཆར་བྷང་ལ་དྷེ་ཤི་རྒྱལ་ཁབ་ཀྱིས་རང་བཙན་གཉིས་པ་དེ་རག་གི་ཡོད་པས། མ་འོངས་པར་མང་གཙོ་དང་རང་དབང་སྲུང་སྐྱོབ་བྱས་ནས་གང་མགྱོགས་རྒྱུན་ལྡན་ལྟར་མི་མང་ཚོས་རང་རང་གི་ལས་གནས་ལ་ལོག་སྟེ། ལས་ཀ་བྱེད་དགོས་པ་དང་། ཁོང་ནས་མི་མང་གི་མངོན་འདོད་ཀྱི་ཆེད་དུ་གང་ཐུབ་འབད་རྩོན་བྱེད་རྒྱུ་དང་སློབ་མ་ཚོའི་མངོན་འདོད་བསྐང་རྒྱུ་ཡིན་པར་བརྗོད་ཡོད་འདུག 

ཕྱི་ཚེས་༡༡ ཉིན་(Sheikh Hasina)ཡི་བུ་ད་ལྟ་ཨ་རི་ལ་གནས་སྡོད་(Sajeeb Wazed Joy)ཡིས་བྷང་ལ་དྷེ་ཤིའི་ནང་འོས་བསྡུའི་དུས་ཚོད་ག་དུས་གསལ་བསྒྲགས་བྱས་ན་ཡང་། དེ་དུས་ཁོང་གི་ཨ་མ་སྲིད་བློན་(Sheikh Hasina)ཕྱིར་རྒྱལ་ཁབ་ནང་ལོག་རྒྱུ་ཡིན་པར་བརྗོད་འདུག་ལ། གལ་སྲིད་དྲང་བདེན་དང་རང་དབང་ཐོག་ནས་འོས་བསྡུ་བྱས་ན་ཁོང་གི་ཨ་མའི་སྲིད་དོན་ཚོགས་པ་ལ་རྒྱལ་ཁ་བསྐྱར་དུ་ཐོབ་རྒྱུ་ངེས་པ་རེད་ཅེས་དང་། ཁོང་གི་ཨ་མས་རྒྱལ་ཁབ་གཞན་གང་དུ་ཡང་སྐྱབས་བཅོལ་བྱས་ནས་སྡོད་ཀྱི་མ་རེད། གང་མགྱོགས་བྷང་ལ་དྷེ་ཤིའི་ནང་ལོག་ནས་འདུག་རྒྱུའི་འདོད་པ་ཡོད་རེད་ཅེས་བརྗོད་འདུག 

འདས་པའི་དུས་ཡུན་གྱི་ངོ་རྒོལ་ཁྲོད་སློབ་མ་ཁྱོན་༣༠༠ ཙམ་ཤི་རྨས་བྱུང་ཡོད་འདུག་པ་དང་། གཞན་སློབ་མ་ཁྲི་གཅིག་ཙམ་ཞིག་བཙོན་འཇུག་བྱས་ཡོད་འདུག སྲིད་བློན་(Sheikh Hasina)རྒྱ་གར་ནང་བྲོས་བྱོལ་དུ་ཕྱིན་རྗེས་བྷང་ལ་དྷེ་ཤིའི་ནང་ཡོད་པའི་ཧིན་རྡུའི་གྲངས་ཉུང་མི་རིགས་རྣམས་ལ་འཇིགས་སྐུལ་དང་ཁོང་ཚོའི་ཚོང་ཁང་དང་། སྡོད་ཁང་སོགས་ལ་གཏོར་སྐྱོན་ཕོག་ནས་ཧིན་དུ་༧༠༠ ནས་༨༠༠༠ ཙམ་ཞིག་རྒྱ་གར་ནང་སྐྱབས་བཅོལ་དུ་ཡོང་ཐབས་བྱེད་ཀྱི་ཡོད་འདུག་ཀྱང་། རྒྱ་གར་གྱི་ས་མཚམས་དམག་མིས་བཀག་ནས་ཡོང་བཅུག་ཡོད་མི་འདུག ད་ཆར་བྷང་ལ་དྷེ་ཤིའི་ནང་ཧིན་དུའི་གྲངས་ཉུང་མི་རིགས་རྣམས་ཀྱིས་ཁོང་ཚོ་ལ་སྲིད་གཞུང་གི་ངོས་ནས་སྲུང་སྐྱོབ་དགོས་པའི་དགོས་འདུན་བཏོན་ནས་ངོ་རྒོལ་ཆེན་པོ་བྱེད་བཞིན་ཡོད་འདུག

སྲིད་བློན་(Sheikh Hasina)ཡིས་ད་ལྟའི་བྷང་ལ་དྷེ་ཤིའི་རྩོད་རྙོག་དེ་ཨ་རི་ཡིས་བཟོས་ཡོད་པར་སྐྱོན་བརྗོད་བྱེད་ཀྱི་ཡོད་འདུག་ལ། ཁོང་མོས་ཨ་རི་ཡིས་བྷང་ལ་དྷེ་ཤིའི་སློབ་ཕྲུག་ཚོའི་རོ་ཐོག་ནས་དབང་ཆ་འཕྲོག་འདོད་བྱེད་ཀྱི་ཡོད་ཀྱང་ངས་སྤྲད་མེད། དེ་ལས་ལྡོག་སྟེ་ང་རང་ཉིད་སྲིད་བློན་གྱི་གོ་གནས་ལས་མར་བབས་པ་ཡིན། གལ་སྲིད་ངས་(Saint Martin )གླིང་ཕྲན་གྱི་རང་དབང་རང་བཙན་ཨ་རིས་འཕྲོག་འཇུག་འདོད་པ་དང་། Bay of Bengal མངའ་ཁུལ་དེ་ཨ་རིས་བདག་བཟུང་བྱེད་འཇུག་འདོད་ན།  ངས་ནམ་ཡང་གོ་གནས་བཟུང་ནས་དབང་ཆ་གློད་ཀྱི་མ་རེད་ཅེས་བརྗོད་ཡོད་འདུག (Saint Martin )གླིང་ཕྲན་ཟེར་བ་ནི་བྷང་ལ་དྷེ་ཤིའི་ལྷོ་རྒྱུད་དུ་ཡོད་པའི་གླིང་ཕྲན་ཞིག་ཡིན་འདུག་པ་དང་།

 གླིང་ཕྲན་དེ་ཕྱོགས་འགལ་ཚོགས་པས་ཨ་རི་ལ་བཙོང་རྒྱུའི་འཆར་གཞི་ཡོད་པར་རྗོད་ཀྱི་ཡོད་འདུག

གསར་འགོད་པ། བསོད་ནམས་ཕུན་ཚོགས།