བྷའེ་ཌན་གྱི་སྲིད་འཛིན་དམ་འབུལ་མཛད་སྒོའི་སྐབས་རྙོག་ཟིང་ཡོང་སྲིད་པའི་སེམས་འཚབ་དང་དོཊ་ཟོན།
ཉེ་ཆར་རྒྱལ་ས་ཝ་ཤིན་ཏྲོན་དུ་སྲིད་འཛིན་ཊོམ་གྱི་རྒྱབ་སྐྱོར་བ་ཚོས་ངོ་རྒོལ་ལས་འགུལ་སྤེལ་རྗེས། ཨ་རིའི་རྒྱལ་སྲུང་ལས་ཁུངས་ནས་སྐུ་ཞབས་བྷའེ་ཌན་གྱི་སྲིད་འཛིན་དམ་འབུལ་མཛད་སྒོའི་ཉིན་རྙོག་ཟིང་དང་རྒོལ་རྡུང་ཡོང་སྲིད་པའི་སེམས་འཚབ་དང་དོགས་ཟོན་ཆེན་པོ་བྱེད་ཀྱི་ཡོད་འདུག
ཨ་རིའི་སྲིད་འཛིན་ཐེངས་༤༦ པ་སྐུ་ཞབས་རྗོ་བྷའེ་ཌན་གྱིས་དངོས་སུ་དམ་འབུལ་ཞུ་བར་ཉིན་འགའ་ལས་མེད་པའི་སྐབས་འདིར། རྒྱལ་སྲུང་ལས་ཁུངས་ཀྱི་མི་སྣ་ཚོས་དམ་འབུལ་མཛད་སྒོའི་སྐབས་“ནང་ལོགས་ནས་རྙོག་ཟིང་དང་རྒོལ་རྡུང་”ཡོང་སྲིད་པའི་སེམས་འཚབ་ཆེན་པོ་བྱེད་ཀྱི་ཡོད་འདུག
སྲིད་འཛིན་དམ་འབུལ་གྱི་མཛད་སྒོའི་སྐབས་“ནང་ལོགས་ནས་རྒོལ་རྡུང་”ཡོང་སྲིད་པའི་དངངས་སྐྲག་དང་སེམས་འཚབ་དེའི་དབང་གིས། རྒྱལ་ཁབ་ཉེས་དོན་ཞིབ་འཇུག་ཁང་(FBI) གིས་རྒྱལ་སྲུང་དམག་དང་མྱུལ་ཞིབ་པ་གང་སར་འགྲེམ་འཇོག་བྱས་ཏེ་དོགས་ཟོན་དང་ཉེན་འགོག་གི་གྲ་སྒྲིག་ཨང་གསར་བྱེད་ཀྱི་ཡོད་འདུག
རྒྱལ་ཁབ་ཉེས་དོན་ཞིབ་འཇུག་ཁང་ནས་ཉིན་དེར་དྲག་པོའི་ངོ་རྒོལ་དང་ཟིང་འཁྲུག་ཡོང་སྲིད་པའི་ཉེན་བརྡ་བཏང་རྗེས། ཨ་རིའི་མངའ་སྡེ་མང་པོ་ཞིག་གིས་རྒྱལ་ཁབ་ཉེན་སྲུང་དམག་བཀོལ་སྤྱོད་ཀྱིས་སོ་སོའི་གྲོས་ཚོགས་ཚོགས་ཁང་སྲུང་དུ་འཇུག་གི་ཡོད་པ་མ་ཟད། སྲིད་འཛིན་ཊོམ་གྱིས་འོས་ཤོག་གཡོ་འཁྱེར་བྱེད་ཡུལ་དུ་ཉེས་འཛུགས་བྱས་པའི་མངའ་སྡེ་ཚོས་དམིགས་གསལ་དོགས་ཟོན་བྱེད་ཀྱི་ཡོད་འདུག
སྤྱིའི་ཆ་ནས་བཤད་ན། ༢༠༠༡ ལོའི་ཕྱི་ཟླ་༩ ཚེས་༡༡ ཉིན་གྱི་འཇིགས་སྐུལ་བའི་དོན་རྐྱེན་ཚབས་ཆེན་དེ་བྱུང་བ་ནས་བཟུང་། ཨ་རིའི་གཞུང་གིས་ནང་གི་འཇིགས་སྐུལ་བར་དོགས་ཟོན་ཆེན་པོས་དོགས་ཟོན་དང་ཞིབ་འཇུག་བྱེད་ཀྱི་ཡོད་ན་ཡང་། ཐེངས་འདིར་སྲིད་འཛིན་ཊོམ་ལ་རྒྱབ་སྐྱོར་བྱེད་མཁན་ནམ་སྐུ་ཞབས་བྷེ་ཌན་ལ་སྡང་མཁན་ཚོའི་ཁྲོད་ནས་དྲག་པོའི་རྒོལ་རྡུང་ཡོང་སྲིད་པར་བརྟེན། ཉེན་ཚབས་ཆེ་བ་དང་འགོག་སྲུང་དཀའ་བ་ཆགས་ཡོད་འདུག
སྲིད་འཛིན་ཊོམ་གྱིས་ད་དུང་ཡང་སྐུ་ཞབས་བྷའེ་ཌན་གྱི་རྒྱལ་ཁ་དེ་ཁྲིམས་མཐུན་གྱི་རྒྱལ་ཁ་ཞིག་ཡིན་པའི་ངོས་ལེན་དང་ཁོང་ལ་བཀྲ་ཤིས་བདེ་ལེགས་ཀྱི་འཚམས་འདྲི་གནང་མེད་པའི་ཁར། སྐུ་ཞབས་བྷའེ་ཌན་གྱི་དམ་འབུལ་མཛད་སྒོར་བཅར་འཆར་མེད་པའི་གསལ་བསྒྲགས་གནང་འདུག །
གསར་འགོད་པ་དཀོན་མཆོག་རབ་བརྟན།