བྷི་བྷི་སི་གསར་ཁང་གི་གསར་འགོད་པ་རྔ་པ་ཀིརྟི་དགོན་པར་ཕྱིན་ཏེ་དགོན་པ་དང་ས་གནས་ཀྱི་དམ་དྲག་གནས་ཚུལ་བཀོད་འདུག

ཉེ་ཆར་བྷི་བྷི་སི་གསར་ཁང་གི་གསར་འགོད་པ་བོད་མདོ་སྨད་རྔ་པ་ཀིརྟི་དགོན་པར་ཕྱིན་ནས་མདོ་སྨད་རྔ་བ་ཁུལ་དང་ཀིརྟི་དགོན་པ་བཅས་ལ་དམ་དྲག་དང་། མི་མང་ལ་རང་དབང་མེད་པའི་སྐོར་བཅས་ཀྱི་གནས་ཚུལ་བཀོད་འདུག
ཕྱི་ཚེས་༣ ཉིན་བྷི་བྷི་སིའི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཁོང་ཚོའི་གསར་འགོད་པ་ཁུ་སིམ་མེར་བོད་རྔ་པ་ཀིརྟི་དགོན་དུ་ཕྱིན་ཡོད་འདུག་པ་དང་། དེ་འབྲེལ་གྱི་གནས་ཚུལ་བཀོད་དོན། རྔ་པ་ཀིརྟི་དགོན་པས་རྒྱ་ནག་གཞུང་གིས་བོད་ཐོག་ཏུ་འཛིན་བཞིན་པའི་སྲིད་བྱུས་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱས་ཡོད་པ་དང་། ཕྱི་ལོ་༢༠༠༩ ཙམ་ནས་བོད་མི་རང་ལུས་མེར་སྲེག་གཏོང་མཁན་མང་ཤོས་འབྱུང་སའི་ས་ཁུལ་གཅིག་ཆགས་ཀྱི་ཡོད་པའི་སྐོར་དང་། ཉེ་ཆར་བྷི་བྷི་སིའི་གསར་ཁང་གི་གསར་འགོད་པ་རྔ་པ་ཀིརྟི་དགོན་པར་འགྲོ་དུས་རྔ་པ་ཀིརྟི་དགོན་པའི་གྲྭ་པ་འགའ་ཤས་གསར་འགོད་པའི་ཕྱོགས་སུ་ཡོང་ཡོད་འདུག་པ་དང་། སྐབས་དེར་མི་མང་དཀྱུས་མའི་གྱོན་གོས་གྱོན་མཁན་མི་བཅུ་གྲངས་ཤིག་གིས་ཁོང་ཚོ་ལ་ལྟ་སྲུང་དང་རྗེས་འདེད་གཏོང་གི་ཡོད་པ་ཤེས་རྟོགས་བྱུང་འདུག་ལ། གྲྭ་པ་ཞིག་གིས་བློ་ཁོག་ཆེན་པོའི་ཐོག་ནས་གསར་འགོད་པའི་འགྲམ་དུ་ཡོང་ནས་ས་ཁུལ་འདིར་གནས་སྟངས་ཡག་པོ་མི་འདུག

མི་དེ་ཚོ་ཡག་པོ་ཡོད་མ་རེད། ཚང་མས་ཤེས་གསལ་རེད། གཟབ་གཟབ་བྱོས་ཞེས་བརྗོད་ནས་ཕྱིན་སོང་ཞེས་བརྗོད་འདུག དེ་བཞིན་བྷི་བྷི་སི་གསར་འགོད་པས། ཀིརྟི་དགོན་པའི་རྒྱལ་སྒོའི་འགྲམ་དུ་རྒྱ་ནག་གཞུང་གིས་དགོན་པའི་དུས་རྒྱུན་བྱེད་སྒོ་རྣམས་ལ་ཚོད་འཛིན་དང་། དགོན་པའི་གྲྭ་པ་རྣམས་ལ་དམ་དྲག་བྱེད་ཆེད་དུ་ཉེན་རྟོག་ལས་ཁུངས་ཆེད་འཛུགས་བྱས་ཡོད་པར་བརྗོད་འདུག་ལ། དེ་བཞིན་ཕྱོགས་བཞི་མཚམས་བརྒྱད་དུ་གློག་མིག་གམ་(CCTV)བཙུགས་ཡོད་པ་དང་། རྒྱ་ནག་གཞུང་གིས་འདས་པའི་ལོ་ངོ་༧༥ རིང་བོད་ས་བཙན་བཟུང་བྱས་ནས་ད་ལྟའི་ཆར་བོད་ས་སྟོད་སྨད་བར་གསུམ་དུ་གཞུང་ལམ་དང་། མེ་འཁོར་ལྕགས་ལམ། གནམ་ཐང་སོགས་འཛུགས་སྐྲུན་ལས་གཞི་རྒྱ་ཆེན་པོ་སྤེལ་ནས་བོད་ནང་དུ་ཡུལ་སྐོར་སྤྲོ་འཁྱམ་བ་ཕོན་ཆེན་པོ་འཁྲིད་ཐབས་བྱེད་བཞིན་ཡོད་པར་བརྗོད་འདུག་ལ། དེ་ལ་བརྟེན་ནས་བོད་ནང་ཁོར་ཡུག་དང་། བོད་མིའི་ཆོས་དང་རིག་གཞུང་། བོད་མི་དང་རྒྱ་རིགས་གཉིས་འདྲེས་ཐབས་བྱེད་བཞིན་ཡོད་པར་བརྗོད་འདུག ད་དུང་འཛུགས་སྐྲུན་ལས་གཞི་ཇི་ཙམ་མང་བར་སྤེལ་བ་དེ་ཙམ་གྱིས། དམག་མི་དང་གོ་མཚོན་རིགས་དེ་ལས་མང་བ་བོད་ནང་དུ་དབོར་འདྲེན་བྱེད་ཀྱི་ཡོད་པར་བརྗོད་འདུག་པ་དང་། དེ་བཞིན་གོ་མཚོན་དང་དམག་མི་ཇི་ཙམ་མང་དུ་འགྲོ་བཞིན་ཡོད་པར། དེ་ཙམ་གྱིས་བོད་མིའི་ཐོག་ཏུ་དམ་དྲག་དང་། བཙན་གནོན་སྔར་ལས་ཤུགས་ཆེ་རུ་འགྲོ་བཞིན་ཡོད་པ་ཤེས་རྟོགས་བྱུང་འདུག

ཀིརྟི་དགོན་པའི་ཉེ་འཁོར་དུ་མི་མང་དང་གྲྭ་པ་ཚོ་ལ་གནས་ཚུལ་འདྲི་རྒྱུ་ཧ་ཅང་ཁག་པོ་ཡིན་པ་ཤེས་རྟོགས་བྱུང་འདུག་ཅིང་། རང་ལོ་༦༠ ནང་ཡིན་པའི་གྲྭ་པ་རྒན་པ་ཞིག་གིས་བྷི་བྷི་སིའི་གསར་འགོད་པར་ཕྱི་ལོ་༢༠༢༡ ནས་རྒྱ་ནག་གཞུང་གིས་བོད་ནང་གི་སློབ་གྲྭ་ཚང་མའི་ནང་དུ་ཡོད་པའི་སློབ་ཚན་རྣམས་རྒྱ་ཡིག་ནང་འཁྲིད་དགོས་པའི་བཙན་བཀའ་བཏང་ཡོད་པའི་སྐོར་བརྗོད་འདུག་ལ། ཤེས་ཡོན་སྲིད་བྱུས་དེ་བོད་པའི་བྱིས་པ་ཚོས་སྔོན་འགྲོའི་སློབ་གྲྭ་ནས་རྒྱ་ཡིག་ནང་སློབ་དགོས་པ་བཟོས་ཡོད་པའི་སྐོར་བརྗོད་འདུག དེ་བཞིན་སྲིད་བྱུས་དེ་ལ་བརྟེན་ནས་དགོན་པའི་ནང་དུ་ཡོད་པའི་གྲྭ་ཕྲུག་རང་ལོ་༡༨ ལས་ཆུང་བ་རྣམས་ངེས་པར་དུ་རྒྱ་གཞུང་གིས་བཙུགས་པའི་སློབ་གྲྭའི་ནང་འགྲོ་དགོས་པ་ལས་དགོན་པའི་ནང་འདུག་ཆོག་གི་མེད་པ་བཟོས་ཡོད་སྐོར་བརྗོད་འདུག་ལ། རྒྱུ་མཚན་དེ་ལ་བརྟེན་ནས་མ་འོངས་པར་དགོན་པའི་ནང་གི་གྲྭ་པ་ཉུང་དུ་འགྲོ་རྒྱུ་ལ་སེམས་ཁྲལ་ཆེན་པོ་ཡོད་སྐོར་གྲྭ་པ་རྒན་པ་དེས་སེམས་སྡུག་ཆེན་པོའི་ཐོག་ནས་བརྗོད་ཡོད་པར་བཀོད་འདུག
གསར་འགོད་པ། བསོད་ནམས་ཕུན་ཚོགས།