བྷི་རི་སི་ལྷན་ཚོགས་ཀྱི་ལོ་འཁོར་ཚོགས་འདུ་ཐེངས་༡༦ པ་དེ་ཨུ་རུ་སུར་འཚོགས་ཡོད་འདུག

ཕྱི་ཟླ་༡༠ པའི་ཚེས་༢༥ ་ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཟླ་འདིའི་ཚེས་༢༢ ནས་ཉིན་གྲངས་གསུམ་གྱི་རིང་། ཨུ་རུ་སུའི་གྲོང་ཁྱེར་ཀ་ཛན་(Kazan)་ལ་བྷི་རི་སི་ལྷན་ཚོགས་ཀྱི་ལོ་འཁོར་ཚོགས་འདུ་ཐེངས་༡༦ པ་དེ་འཚོགས་ཡོད་འདུག

བྷི་རི་སི་ཞེས་པའི་ལྷན་ཚོགས་ནང་རྒྱ་དཀར་ནག་གཉིས་དང་ལྷོ་ཨ་ཧྥི་རི་ཀ།ཨུ་རུ་སུ་དང་བྷར་ཛིལ་བཅས་རྒྱལ་ཁབ་ལྔ་དང་།  ལོ་འདིར་ཚོགས་པའི་ནང་ཚོགས་ཁོངས་སུ་གསར་དུ་ཞུགས་མཁན་གྱི་ཨི་ཇིབ་དང་ཨི་ཐོ་པི་ཡ། སོ་དྷི་ཨ་རབ། ཨ་རབ་ཨེར་མེ་མཉམ་འབྲེལ་རྒྱལ་ཁབ་བཅས་ཀྱི་འགོ་ཁྲིད་ཀྱང་ཐེངས་འདིའི་ལྷན་ཚོགས་ཐོག་མཉམ་ཞུགས་བྱས་ནས་དཔལ་འབྱོར་དང་ཚོང་དོན་སོགས་ཀྱི་གནད་དོན་ཐོག་གོ་བསྡུར་བྱས་ཡོད་འདུག

རྒྱ་གར་གྱི་བང་ཆེན་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཚོགས་འདུ་འདིས་ནུབ་ཕྱོགས་མ་ཡིན་པའི་རྒྱལ་ཁབ་ཁག་གིས་ཨུ་རུ་སུ་དང་མཉམ་འབྲེལ་བྱེད་འདོད་ཡོད་པ་དང་། ཨུ་རུ་སུ་ནི་གོ་མཚོན་དང་ནུས་ཤུགས་(Energy) ་མཁོ་སྤྲོད་བྱེད་མཁན་གལ་ཆེན་ཞིག་ཏུ་བརྩི་བཞིན་པའི་བརྡ་ལན་གསལ་པོ་སྤྲད་ཡོད་པ་དང་། ལྷག་པར་དུ་ཨུ་རུ་སུས་ཡུག་རེན་ལ་བཙན་འཛུལ་བྱས་རྗེས། ནུབ་ཕྱོགས་རྒྱལ་ཁབ་ཚོས་ཨུ་རུ་སུ་གྲོགས་མེད་ཁེར་རྐྱང་དུ་འཕུད་ཐབས་བྱས་པ་དང་། རྒྱལ་སྤྱིའི་ཁྲིམས་ཁང་གིས་ཨུ་རུ་སུའི་སྲིད་འཛིན་འཛིན་བཟུང་བྱེད་དགོས་པའི་བཀའ་ཁྱབ་བཏང་བ་སོགས་ལ་བརྟེན། ཨུ་རུ་སུའི་སྲིད་འཛིན་བྷེ་རི་སིའི་ལོ་འཁོར་ལྷན་ཚོགས་སྐབས་༡༥ པའི་ནང་མཉམ་ཞུགས་བྱེད་ཐུབ་མེད་པ་མ་ཟད། རྒྱ་གར་དུ་ཚོགས་པའི་སྟོབས་ཆེན་རྒྱལ་ཁབ་ཉི་ཤུའི་ལྷན་ཚོགས་ཐོག་ཏུ་ཡང་མཉམ་ཞུགས་བྱེད་ཐུབ་མེད་པ་དང་། ད་ཐེངས་བྷི་རི་སིའི་ལྷན་ཚོགས་དེ་གོ་སྒྲིག་བྱེད་མཁན་ཞིག་ཡིན་པའི་ཆ་ནས། ཨུ་རུ་སུས་རང་ཉིད་ཁེར་རྐྱང་མིན་པ་དང་རྒྱལ་སྤྱིའི་ཐོག་ཨུ་རུ་སུ་ལ་གུས་བཀུར་ཞུ་བཞིན་ཡོད་པའི་རྣམ་པ་ཤུགས་ཆེན་བསྟན་ཡོད་འདུག

དེ་བཞིན་ནུབ་ཕྱོགས་ཀྱི་མཁས་དབང་ཚོས་བྷི་རི་སིར་ཚོགས་པའི་ཁོངས་སུ་རིག་གཞུང་མི་གཅིག་པ་དང་དཔལ་འབྱོར་གྱི་དོ་མི་མཉམ་པ། དམངས་གཙོ་དང་མི་གཅིག་དབང་འཛིན་རིང་ལུགས་སོགས་ཆབ་སྲིད་ལམ་ལུགས་ཐ་དད་པ་སོགས་ཀྱི་དབང་གིས་མཐུན་སྒྲིལ་ཡོང་མི་ཐུབ་པར་འདོད་ན་ཡང་། ནུབ་ཕྱོགས་མིན་པའི་རྒྱལ་ཁབ་ཚོས་ནུབ་ཕྱོགས་ཀྱི་སྒྲིག་འཛུགས་(ནེ་ཊོ) ་དང་འགྲན་བསྡུར་བྱེད་ཐུབ་པའི་སྒྲིག་འཛུགས་ཤིག་ལམ་ལྷོང་ལྡན་པའི་སྒོ་ནས་འཛིན་སྐྱོང་བྱེད་ཐུབ་ཡོད་པ་དང་། བྷི་རི་སི་ཚོགས་པས་མི་མཐུན་པ་རྣམས་སྦས་ནས་མཐུན་ཕྱོགས་ལ་དམིགས་ཏེ་ལས་དོན་སྒྲུབ་པ་དང་དངུལ་ཁང་གསར་འཛུགས་བྱས་པ། རྒྱ་དཀར་ནག་གཉིས་ཀྱི་བར་གདོང་ཐུག་བྱུང་བ་དང་། ཨུ་རུ་སུའི་དམག་འཁྲུག་གི་ནང་ཞུགས་པ་སོགས་ཀྱི་གནད་དོན་བྱུང་ཡང་། ཚོགས་པའི་ལོ་འཁོར་ལྷན་ཚོགས་ལ་འགོག་རྐྱེན་བཟོས་མེད་པ། ཉེ་བའི་ལོ་ཤས་ནས་གོ་ལའི་ལྷོ་ཕྱོགས་(Global south) ་ཀྱི་རྒྱལ་ཁབ་སུམ་ཅུ་ལྷག་གིས་བྷི་རི་སི་ཚོགས་པའི་ནང་ཞུགས་འདོད་བྱེད་བཞིན་ཡོད་པ་སོགས་ཀྱི་གནས་ཚུལ་བཀོད་འདུག

བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། བྷི་རི་སི་ཚོགས་པས་འཛམ་གླིང་ཐོག་རྒྱལ་ཁབ་ཁག་ལ་དངུལ་གཡར་མཁན་འཛམ་གླིང་གི་དངུལ་ཁང་དང་རྒྱལ་སྤྱིའི་མ་དངུལ་ཐེབས་རྩ་སོགས་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་དབང་བསྒྱུར་བྱེད་ཀྱི་ཡོད་པར་བརྗོད་ནས། ཕྱི་ལོ་༢༠༡༤ ལོ་བྷི་རི་སི་ཚོགས་པས་སྤྱི་ཚོགས་འཕེལ་རྒྱས་ཆེད་དངུལ་གཡར་ས་གསར་སྤེལ་དངུལ་ཁང་(New Development Bank) ཞེས་པ་ཞིག་བཙུགས་ཡོད་འདུག ཕྱི་ལོ་༢༠༢༢ ལོ་མཇུག་བར་དངུལ་ཁང་དེས་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དག་ལ་གཞུང་ལམ་དང་མེ་འཁོར་ལྕགས་ལམ། ཟམ་པ་འཛུགས་སྐྲུན་སོགས་ཀྱི་ཆེད་ཨ་སྒོར་ཐེར་འབུམ་$༣༢ ་གཡར་ཟིན་འདུག

ཐེངས་འདིའི་ལྷན་ཚོགས་ཀྱི་ཞོར་དུ་རྒྱ་གར་གྱི་སྲིད་བློན་མོ་དྷི་དང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གཉིས་བདུན་འདིའི་རེས་གཟའ་མིག་དམར་ཉིན་ཐུག་འཕྲད་བྱས་ཏེ་ཕྱོགས་གཉིས་ཀྱི་མི་མང་དང་ས་ཁུལ་དང་འཛམ་གླིང་སྤྱིའི་བརྟན་ལྷིང་ཡོང་བར་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་གལ་ཆེན་ཡིན་པར་བརྗོད་འདུག སྲིད་བློན་མོ་དྷི་དང་སྲིད་འཛིན་ཞི་ཅིན་ཕིང་གཉིས་ཀྱི་ཐུག་འཕྲད་དེ་ནི་ལོ་ངོ་ལྔའི་རྗེས་སུ་ཐེངས་དང་པོ་དེ་ཆགས་ཡོད་འདུག

གསར་འགོད་པ། བློ་བཟང་རྒྱ་མཚོ།