བྷེ་ར་ཛེལ་གྱི་ཊོམ་ལ་སྲིད་འཛིནའོས་བསྡུའི་རྒྱལ་ཁ་ཆེན་པོ་ཐོབ་འདུག
མི་རྣམས་ཀྱིས་བྷེ་ར་ཛེལ་གྱི་ཊོམ་བརྗོད་བཞིན་པའི་ཇེར་བྷོལ་སོ་ན་རཱོ་ལ། རྒྱལ་ཁབ་དེའི་སྲིད་འཛིན་འོས་བསྡུའི་ཁྲོད་ཧེ་བག་ཆེན་པོའི་ཐོག་རྒྱལ་ཁ་ཐོབ་འདུག་པ་དང་། ཁོང་ལ་རྒྱབ་སྐྱོར་བྱེད་མཁན་ཚོས་རེ་བ་ཆེན་པོ་རྒྱག་བཞིན་ཡོད་ཀྱང་། ཁོང་གི་ལྟ་ཕྱོགས་ལ་སེམས་འཚབ་བྱེད་མཁན་ཚོས་རྒྱལ་ཁབ་དེའི་འགྲོ་བ་མིའི་ཐོབ་ཐང་དང་ཁོར་ཡུག་ལ་དོ་ཕོག་ཆེན་པོ་འགྲོ་སྲིད་པའི་ཞེད་སྣང་བྱེད་བཞིན་འདུག
ཟླ་༡༠ པའི་ཚེས་༣༠ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། གླིང་ཕྲན་ལྷོ་ཨ་མི་ར་ཀའི་མང་གཙོ་ཆེ་ཤོས་ཀྱི་རྒྱལ་ཁབ་བྷེ་ར་ཛེལ་ནང་ཟླ་༡༠ པའི་ཚེས་༢༩ ཉིན་སྲིད་འཛིན་འོས་བསྡུ་བྱས་ཡོད་པ་དང་། ད་ལྟའི་ཆར་འོས་གྲངས་བརྒྱ་ཆ་༩༤ ལྷག་གྲངས་བཤེར་བྱས་ཟིན་པ་དང་བསྟུན། རྙེང་ཞེན་རིང་ལུགས་ཀྱི་ལྟ་བ་འཛིན་མཁན་སྲིད་འཛིན་འོས་མི་ཇེར་བྷོལ་སོ་ན་རཱོ་ལ་འོས་གྲངས་བརྒྱ་ཆ་༥༥.༥༤ དང་། ཁོང་གི་ཁ་གཏད་འོས་མི་ཧྰ་ཌེ་ལ་འོས་གྲངས་བརྒྱ་ཆ་༤༤.༤༦ ཐོབ་པས། འོས་གྲངས་ཀྱི་ཧེ་བག་བརྒྱ་ཆ་༡༠ ལྷག་ཡིན་པས། དབུས་འོས་བསྡུ་ལས་ཁང་གིས་ཁོང་ལ་རྒྱལ་ཁ་ཐོབ་པའི་གསལ་བསྒྲགས་བྱས་འདུག
ཁོང་གིས་རང་ཉིད་ཕྱོགས་འགལ་ཚོགས་པར་འཛུལ་བའི་འགན་འཁྲི་ཡོད་པ་དང་། ཁོང་ལ་འོས་ཤོག་འཕེན་མཁན་མི་མང་ས་ཡ་༤༥ རྣམས་ཀྱི་རང་དབང་སྲུང་སྐྱོབ་བྱེད་རྒྱུའི་ཁས་ལེན་བྱས་འདུག་པ་མ་ཟད། ཁོང་ལ་འོས་ཤོག་མ་འཕངས་མཁན་རྣམས་ཀྱི་ཐོབ་ཐང་ལ་ཡང་གུས་བརྩི་བྱེད་པའི་དགོས་འདུན་བཏོན་འདུག
གསར་དུ་འདེམས་ཐོན་བྱུང་བའི་སྲིད་འཛིན་ཇེར་བྷོལ་སི་ན་རོ་ཡིས། འོས་བསྡུའི་དྲིལ་བསྒྲགས་ལས་འགུལ་སྐབས་རྒྱལ་ཁབ་དེའི་ནང་ལྐོག་ཟ་རུལ་སུངས་རྩ་མེད་བཟོ་རྒྱུ་དང་། རྒྱལ་ཁབ་དེའི་ནང་མེ་མདའི་དྲག་སྤྲོད་དང་ནག་ཉེས་ཀྱི་ཚད་གཞི་དམའ་རུ་གཏོང་རྒྱུ་སོགས་ཁས་ལེན་བྱས་ཡོད་འདུག་ཀྱང་། ཁོང་གི་མི་རིགས་དབྱེ་འབྱེད་དང་མཚན་མཐུན་དགའ་རོགས་བྱེད་མཁན་ལ་མི་དགའ་བའི་རྣམ་འགྱུར། དེ་བཞིན་བྷེ་ར་ཛེལ་གྱི་ཨཱེ་མན་ཛོན་ཤིང་ནགས་སུ་ཡར་རྒྱས་ཀྱི་ལམ་བུ་སྒོ་འབྱེད་བྱེད་རྒྱུའི་སྐོར་བརྗོད་ཡོད་པས། མི་མང་པོ་ཞིག་གིས་ཁོང་གི་སྲིད་འཛིན་ལས་ཡུན་རིང་། རྒྱལ་ཁབ་དེའི་ནང་འགྲོ་བ་མིའི་ཐོབ་ཐང་དང་ཁོར་ཡུག་སྲུང་སྐྱོབ་ལ་ཉེན་ཁ་ཆེན་པོ་ཡོད་པའི་སེམས་འཚབ་བྱེད་བཞིན་འདུག དེ་སྔོན་ཟླ་༩ པའི་ནང་འོས་བསྡུའི་དྲིལ་བསྒྲགས་ལས་འགུལ་ཞིག་གི་སྐབས། མང་ཚོགས་དཀྱིལ་ནས་མི་ཞིག་གིས་ཁོང་ལ་གྲི་བརྒྱབ་ནས་སྨན་ཁང་དུ་སྨན་བཅོས་བྱེད་དགོས་འཁེལ་ཡོད་པ་རེད།
འོས་བསྡུའི་རྒྱལ་ཁ་ཐོབ་རྗེས་ཇེར་བྷོལ་སོ་ན་རཱོ་ཡིས། ཁོང་གི་གཞུང་དེ་མང་གཙོ་དང་རྩ་ཁྲིམས་སྲུང་སྐྱོབ་བྱེད་མཁན་ཞིག་བྱེད་རྒྱུ་ཡིན་པ་དང་། དེ་ཡང་སྲིད་དོན་ཚོགས་པ་ཞིག་གི་ཁས་ལེན་དམ་བཅའ་འམ་མི་ཞིག་གི་ཚིག་གཏམ་མིན་པར། དེ་ནི་དཀོན་མཆོག་མདུན་དུ་མནའ་བསྐྱལ་བ་ཡིན་སྐོར་བརྗོད་ནས། ཁོང་གིས་མི་མང་དང་མཉམ་དུ་རྒྱལ་ཁབ་ཀྱི་མདུན་ལམ་འགྱུར་བ་གཏོང་རྒྱུའི་དམ་བཅའ་བཞག་ཡོད་འདུག
ཟླ་༡༠ པའི་ཚེས་༧ ཉིན་བྷེ་ར་ཛེལ་གྱི་སྲིད་འཛིན་གྱི་འོས་བསྡུ་རིམ་པ་དང་པོ་དང་གྲོས་ཚོགས་རིམ་པ་ཁག་ཅིག་གི་འོས་བསྡུ་བྱས་ཡོད་པ་དང་། དེར་མི་མང་ས་ཡ་༡༤༧ གྱིས་མཉམ་ཞུགས་བྱས། སྲིད་འཛིན་འོས་བསྡུའི་གྲུབ་དོན་དུ་སྲིད་འཛིན་འོས་མི་ཇེར་བྷོལ་སོ་ན་རཱོ་ལ་འོས་གྲངས་བརྒྱ་ཆ་༤༧ ཐོབ་ནས། མི་མང་པོས་ཚོད་དཔག་བྱས་པ་ལྟར་འོས་གྲངས་བརྒྱ་ཆ་༥༠ ཐོབ་མེད་པས། སྲིད་འཛིན་འོས་བསྡུ་རིམ་པ་གཉིས་པ་འགྲོ་དགོས་འཁེལ་ཡོད་པ་རེད།
ཐེངས་འདིའི་སྲིད་འཛིན་འོས་བསྡུའི་བརྒྱུད་རིམ་ཁྲོད། བྷེ་ར་ཛེལ་ནང་སྔར་བྱུང་མྱོང་མེད་པའི་མི་མང་ནང་འགལ་ཟླ་ཆེན་པོ་ཆགས་ཡོད་འདུག་པ་དང་། ཕྱོགས་ཁག་གཉིས་པོས་ཕན་ཚུན་གྱི་སྲིད་འཛིན་འོས་མིར་རྒྱལ་ཁ་ཐོབ་ཚེ། རྒྱལ་ཁབ་ལ་གནོད་སྐྱོན་ཆེན་པོ་ཡོང་རྒྱུའི་ཉེན་བརྡ་བཏང་ཡོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།