བྷེལ་རྗམ་ཉེན་རྟོག་པས་དོགས་གཞིའི་ཉེན་ཅན་འཇུ་བཟུང་བཀའ་རྒྱ་བཀྲམ།


160323025936_brussels_attack_suspect_cctv_976x549_reuters_nocreditབྷེལ་རྗམ་གྱི་རྒྱལ་ས་བྷར་ཟིལ་སི་ཡི་གནམ་ཐང་དང་ས་འོག་ལྕགས་ལམ་ས་ཚུགས་སུ་འབར་གས་བསྟུད་མར་བྱུང་སྟེ་མི་༣༠ རྐྱེན་ལམ་དུ་བཏང་པའི་འཇིགས་སྐུལ་འཇབ་རྒོལ་རྗེས། བྷེལ་རྗམ་ཉེན་རྟོག་པའི་ཕྱོགས་ནས་བྲོས་བྱོལ་དུ་སོང་པའི་དོགས་གཞིའི་ཉེས་ཅན་པ་ཞིག་འཇུ་བཟུང་བཀའ་རྒྱ་བཀྲམ་འདུག

ཕྱི་ཟླ་༣ ཚེས་༢༣ ཉིན། བྷེལ་རྗམ་གཞུང་འབྲེལ་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། རྒྱལ་ས་བྷར་ཟིལ་སི་ཡི་གནམ་ཐང་འབར་རྫས་གས་གཏོར་བསྟུད་མར་མ་བྱུང་པའི་སྔོན། གསང་བའི་གློག་མིག་ལས་སྐྱེས་པ་གཅིག་དོགས་གཞི་ཅན་གྱི་སྐྱེས་པ་གཞན་གཉིས་དང་མཉམ་དུ་འགྲོ་བཞིན་པ་དང་། སྐྱེས་པ་དེ་གཉིས་ཀྱི་ལུས་ལ་ཐོགས་པའི་རང་སྲོག་གཅོད་བྱེད་ཀྱི་འབར་རྫས་གས་གཏོར་གྱིས་འདས་གྲོངས་སུ་གྱུར་ཡོད་ཀྱང་། ཁོང་གཉིས་ཀྱི་མཉམ་དུ་ཡོད་པའི་སྐྱེས་པ་གཞན་དེ་གར་སོང་ཆ་མེད་དུ་གྱུར་ཡོད་པར་བརྟེན། བྷེལ་རྗམ་གཞུང་ནས་འཇུ་བཟུང་བཀའ་རྒྱ་བཀྲམས་ཏེ་ལུས་ལ་སྟོད་ཐུང་སྐྱ་སྐྱ་ཞིག་དང་ཞྭ་མོ་གོན་པའི་སྐྱེས་པ་དེ་འཚོལ་ཞིབ་བྱེད་བཞིན་ཡོད་འདུག

བྷེལ་རྗམ་སྲིད་གཞུང་གིས་ས་ཁུལ་ཡོངས་སུ་འཇིགས་སྐུལ་འགོག་རྒོལ་འཚོལ་ཞིབ་འགོ་འཛུགས་བྱས་ཡོད་ཅིང། ཁ་ཆེའི་རྒྱལ་ཁབ་ IS ཟེར་བས་ཐེངས་འདིའི་འབར་རྫས་གཏོར་རྒོལ་གྱི་འགན་ཁུར་བ་ཡིན་པའི་གསལ་བསྒྲགས་བྱས་ཡོད་པ་རེད།

ཁ་ཆེའི་རྒྱལ་ཁབ་ཟེར་བའི་སྒྲིག་འཛུགས་དེའི་དྲ་རྒྱའི་སྟེང་གསལ་བསྒྲགས་ཤིག་སྤེལ་ཡོད་པའི་ནང་། འབར་གས་བསྟུད་མར་བྱུང་སའི་ས་གནས་ནི་“བསམ་བློ་ཞིབ་ཚགས་སྒོས་འདེམ་སྒྲུག་བྱས་པ་”མ་ཟད། ཁ་ཆེའི་རྒྱལ་ཁབ་ལ་ངོ་རྒོལ་བྱེད་མཁན་གྱི་རྒྱལ་ཁབ་བཅུའི་མནའ་འབྲེལ་བསྟན་སྲུང་དམག་(Crusader) ལ་ཆེད་དུ་དམིགས་ཏེ། ད་དུང་དེ་ལས་ཀྱང་བཀྲ་མི་ཤིས་པའི་གནས་ཚུལ་རྗེས་སུ་ཡོང་རྒྱུ་ཡོད་པའི་ཉེན་བརྡ་བཏང་འདུག

སྐྱེས་པ་གསུམ་དེས་ཐོག་མར་གྲོང་ཁྱེར་གྱི་མཐར་ཆགས་པའི་སཱ་ཧཱ་སི་བྷི་ཁི་ཞེས་པའི་ས་ཁུལ་ནས་གླ་འཁོར་ཞིག་གླས་ཏེ་གནམ་ཐང་དུ་སོང་པ་ཞིག་ཡིན་འདུག་པ་དང་། ཉེན་རྟོག་པས་གླ་འཁོར་གྱི་ཁོ་ལོ་བ་བརྒྱུད་དེ་གྲོང་ཁྱེར་གྱི་མཐའ་ས་ཁུལ་དེར་འཚོལ་ཞིབ་བྱེད་སྐབས། ས་ཁུལ་དེ་ནས་ཁ་ཆེའི་རྒྱལ་ཁབ་ཟེར་བའི་རྒྱལ་དར་ཞིག་ཀྱང་རྙེད་སོན་བྱུང་འདུག་ལ། འབར་རྫས་གཏོར་རྒོལ་བའི་དོགས་གཞི་ཅན་གྱི་སྐྱེས་པ་གསུམ་གྱིས་རང་སྲོག་གཅོད་བྱེད་ཀྱི་འབར་རྫས་འགྲུལ་འཁྱེར་དོ་ཆས་ཀྱི་སྒམ་དུ་སྦས་ཏེ་གནམ་ཐང་དུ་སོང་ཡོད་པ་རེད།

བྷར་ཟིལ་སི་གནམ་ཐང་གི་འབར་གས་བསྟུད་མར་ནི་ཉིན་དེའི་ས་གནས་ཀྱི་ཆུ་ཚོད་༨ ཟིན་ཏེ་མི་རིང་བའི་རྗེས་འབར་གས་ཐོག་མར་བྱུང་པ་དང་། མི་རྣམས་དངངས་སྐྲག་གིས་ཡར་མར་བྲོས་བྱོལ་སྐབས་འབར་གས་ཐེངས་གཉིས་པ་བྱུང་ཡོད་ཅིང་། འབར་རྫས་ཐེངས་གསུམ་པ་དུས་བཀག་ནང་ཚུད་དུ་གས་གཏོར་མ་བྱུང་པའི་སྔོན་གཞུང་གིས་སྟངས་འཛིན་བྱ་ཐུབ་པ་བྱུང་ཡོད་འདུག

བྷར་ཟིལ་སི་ཡི་རྒྱལ་སྤྱིའི་གནམ་ཐང་དུ་འབར་གས་བྱུང་སྟེ་མི་རིང་རྗེས། ཡུ་རོབ་སྤྱི་ཁྱབ་ལས་ཁུངས་དང་ཉེ་བའི་ས་འོག་ལྕགས་ལམ་ས་ཚུགས་སུ་བསྐྱར་དུ་འབར་རྫས་གས་གཏོར་བྱུང་ཡོད་འདུག

གཞུང་ཕྱོགས་ནས་ད་དུང་འབར་རྫས་གས་གཏོར་གྱི་རྒྱུ་རྐྱེན་ངོས་འཛིན་གཏན་འཁེལ་བྱུང་མེད་ཀྱང་། ཁ་ཆེའི་རྒྱལ་ཁབ་ཟེར་བས་དེ་ནི་རང་སྲོག་གཅོད་བྱེད་ཀྱི་འབར་རྫས་གས་གཏོར་བྱུང་པ་ཡིན་སྐོར་བརྗོད་ཡོད་པ་རེད།

ཏྲེ་ཧོར་ཐུབ་བསྟན་གྱིས་སྒྱུར་སྒྲིག་བྱས།