བྷེལ་རྗམ་བོད་ཀྱི་ན་ཆུང་བྱིས་པའི་རིག་རྩལ་དགོང་ཚོགས།
ཟླ་འདིའི་ཚེས་༡༦ ཉིན་བྷེལ་རྗམ་གྱི་རྒྱལ་ས་བྷུར་སལ་དུ་བྷེལ་རྗམ་བོད་ཀྱི་ཆོས་རིག་འཛིན་སྐྱོང་ཁང་གི་གོ་སྒྲིག་འོག ། “བྷེལ་ཇམ་བོད་ཀྱི་ན་ཆུང་བྱིས་པའི་རིག་རྩལ་དགོང་ཚོགས།” འཚོགས་ནས་༸གོང་ས་སྐྱབས་མགོན་རིན་པོ་ཆེར་འཛམ་གླིང་ནོ་བྷེལ་ཞི་བདེ་གཟེངས་རྟགས་ཕུལ་བཞེས་མཛད་ནས་ལོ་༢༧ འཁོར་བའི་དུས་དྲན་སྲུང་བརྩི་བྱས་ཡོད་པ་རེད།
དེ་ཡང་མཛད་སྒོའི་ཐོག་ས་གནས་སྐུ་ཚབ་དོན་གཅོད་སྐུ་ངོ་བཀྲ་ཤིས་ཕུན་ཚོགས་གཙོས་པའི་ས་གནས་ཀྱི་འབྲེལ་ཡོད་བོད་ཀྱི་ཚོགས་སྡེ་ཁག་གི་ཚོགས་གཙོ་དང་། བྷེལ་རྗམ་ཡུལ་མི་བོད་ཀྱི་གྲོགས་པོ། དེ་བཞིན་ས་གནས་བོད་རིགས་མང་ཚོགས་སུམ་བརྒྱ་ལྷག་མཉམ་འཛོམས་བྱུང་འདུག
མཛད་སྒོ་གོ་གོ་སྒྲིག་པས་གསུངས་པ་ལྟར་ན། མཛད་སྒོ་དེ་བྷེལ་རྗམ་བོད་ཀྱི་ཆོས་རིག་འཛིན་སྐྱོང་ཁང་གིས་ལོ་ལྟར་སྲུང་བརྩི་ཞུ་བཞིན་པའི་འཛམ་གླིང་ཞི་བདེ་གཟེངས་རྟགས་དུས་དྲན་དེ་ཡིན་པ་དང་། མཛད་སྒོ་གོ་སྒྲིག་བྱེད་སྟངས་ནི་གཙོ་བོ་ས་གནས་ཀྱི་བོད་ཀྱི་ན་ཆུང་བྱིས་པ་རྣམས་ཀྱིས་གཙོ་སྐྱོང་གི་འགན་ཁུར་གཙོ་བོ་བླངས་ནས། བོད་ཀྱི་གཞས་དང་ཞབས་བྲོའི་རིག་གནས་རྒྱུད་འཛིན་ཆེད་ཡིན་པ་དང་། དེ་ཡང་ལོ་གསུམ་ཡན་གྱི་བོད་ཀྱི་ན་ཆུང་བྱིས་པ་ཚོར་སོ་སོའི་རིག་གནས་རྒྱུད་འཛིན་གྱི་འགན་ཁུར་དེ་སོ་སོ་རང་ངོས་བྱེད་དགོས་པའི་བག་ཆགས་སྐྲུན་ཐབས་ཤིག་ཡིན་ཅེས་བཤད་སོང་། དེར་བརྟེན་མཛད་སྒོའི་སྐབས་ཀྱི་གཙོ་སྐྱོང་དང་། མཛད་སྒོའི་སྐབས་ཀྱི་གཞས་དང་བྲོ། སྙན་ངག་སོགས་ཚང་མ་སློབ་ཕྲུག་སོ་སོས་སྦྱང་བ་ཞིག་ཡིན་འདུག
མཛད་སྒོའི་ཐོག་སྐུ་ཚབ་དོན་གཅོད་སྐུ་ངོ་བཀྲ་ཤིས་ཕུན་ཚོགས་ཀྱིས་༸གོང་ས་སྐྱབས་མགོན་རིན་པོ་ཆེར་འཛམ་གླིང་ནོ་བྷེལ་ཞི་བདེ་གཟེངས་རྟགས་ཕུལ་བཞེས་ཇི་ལྟར་བྱུང་བའི་སྐོར་དང་། ༸གོང་ས་མཆོག་གིས་བོད་བསྟན་སྲིད་མི་རིགས་ཆེད་དུ་སྐུ་ལས་གང་འདྲ་བསྐྱོན་ཡོད་མེད། ད་དུང་སྐྱབས་བཅོལ་བོད་མི་ཚོར་འགན་ཁུར་ཅི་ཡོད་སོགས་ཀྱི་ལམ་སྟོན་གསུང་བཤད་གནང་བ་དང་། གཞན་ཡང་ཁོང་གིས་བྷེལ་རྗམ་བོད་ཀྱི་ཆོས་རིག་འཛིན་སྐྱོང་ཁང་གི་ལས་རིམ་ཁག་དང་། འཇམ་དབྱངས་བློ་འཕེལ་སློབ་གྲྭའི་ལས་དོན་ལ་བསྔགས་བརྗོད་གནང་ནས། མ་འོངས་པར་ཡང་ལས་དོན་རྒྱུན་སྐྱོང་དགོས་པ་དང་། དེ་བཞིན་བོད་པ་མི་རེ་ངོ་རེ་ནས་བོད་ཀྱི་སྐད་ཡིག་རིག་གནས་རྒྱུད་འཛིན་ཆེད་འགན་ཁུར་ལེན་དགོས་སྐོར་ལམ་སྟོན་གནང་ཡོད་པ་རེད།
བྷེལ་རྗམ་བོད་ཀྱི་ཆོས་རིག་འཛིན་སྐྱོང་ཁང་ནི་༢༠༠༨ ལོར་བོད་ནང་ཞི་རྒོལ་བྱུང་བར་གདུང་སེམས་མཉམ་བསྐྱེད་ཆེད། བྷེལ་རྗམ་ཁུལ་སྡོད་བོད་ཀྱི་ན་ཆུང་བྱིས་པ་ཚོར་བོད་ཀྱི་སྐད་ཡིག་གིས་གཙོས་པའི་རིག་གནས་སློབ་གཉེར་བྱེད་ས་གོ་སྒྲིག་བྱེད་མཁན་གྱི་ཚོགས་པ་ཞིག་ཡིན་པ་དང་། ད་བར་བྷེལ་རྗམ་ནང་བོད་མི་འདུས་སྡོད་མང་བའི་གྲོང་ཁྱེར་ཁག་དྲུག་ཏུ་བོད་ཀྱི་སྐད་ཡིག་གི་གཟའ་མཇུག་འཛིན་གྲྭ་༢༥ ལྷག་བཙུགས་ཡོད་པ་དང་། སློབ་མ་ཁྱོན་ ༢༠༠ ལྷག་དང་དངས་བླངས་དགེ་ལས་༥༠ ལྷག་ཅིག་ཡོད་པ་རེད་འདུག །
ས་གནས་གསར་འགོད་པ་ནགས་ཕྲན་པ་བསོད་ནམས་ཚེ་རིང་།