བྷེལ་ལྗམ་འཇིགས་སྐུལ་བའི་གཏོར་རྒོལ་ཉེན་ཁའི་ཚད་རིམ་ཨང་བཞི་བར་སླེབས།
ཟླ་འདིའི་ཚེས་ ༡༣ ཉིན་ཧྥ་རན་སིའི་རྒྱལ་ས་ཕེ་རིས་ལ་འཇིགས་སྐུལ་དྲག་སྤྱོད་པའི་གཏོར་རྒོལ་བྱུང་བའི་དོན་སྐྱེན་ཞིབ་འཇུག་བྱས་རྗེས། དོན་རྐྱེན་དེའི་ལག་དམར་པ་གཏེ་བོ་ཨ་བྷ་ཨོའོ་རྡུ་(Abdelhamid Abaaoud) ཟེར་བ་དེ་ཡིན་པ་དང་། ཁོས་ཕེ་རིསའི་གཏོར་རྒོལ་དོན་རྐྱེན་བཟོས་རྗེས་བྲོས་བྱོལ་གྱིས། བྷེལ་ལྗམ་གྱི་རྒྱལ་ས་བྷ་ར་སལ་དུ་གབ་ཡོད་པར་དོགས་པ་བྱེད་ཀྱི་ཡོད་པ་རེད། ས་གནས་སུ་དམིགས་བསལ་ཉེན་རྟོག་པས་ད་བར་ཞིབ་བཤེར་བྱས་ཀྱང་དེ་དང་འབྲེལ་ཡོད་དོགས་གཞི་ཅན་རེ་གཉིས་ལས་རྙེད་མེད་པ་རེད།
ད་ཐེངས་ཀྱི་འཇིགས་སྐུལ་དྲག་སྤྱོད་པའི་དོན་རྐྱེན་དེའི་རྗེས་སུ་བྷ་ར་སལ་རྒྱལ་ས་ལ་ཡང་འཇིགས་སྐུལ་བའི་གཏོར་རྒོལ་བྱུང་ཉེན་ཚད་རིམ་ ༤ པར་སླེབས་ནས་རེས་གཟའ་སྤེན་པའི་ཉིན་རྒྱབ་ནས་རེས་གཟའ་ཉི་མའི་བར། རྒྱལ་སའི་མི་མང་འདུ་འཛོམས་ས་ཁུལ་སྟེ། ཚོང་ཁང་དང་ཆང་ཁང་། ཟ་ཁང་། ས་འོག་མེ་འཁོར་(METRO) ས་ཚུགས་བཅས་ཚང་མ་སྒོ་བརྒྱབ་ཡོད་པ་རེད། དེ་མིན་གནམ་ཐང་དང་མེ་འཁོར་འགྲུལ་ལམ། སྤྱི་སྤྱོད་རླངས་འཁོར་བཅས་རྒྱུན་ལྡན་ལྟར་ཡིན་ནའང་། འགྲུལ་བཞུད་པ་དག་གར་འགྲོ་གར་འདུག་བྱེད་ས་ཚང་མར་བདེ་འཇགས་མི་སྣས་དོགས་ཟོན་ཆེན་པོ་བྱེད་ཀྱི་ཡོད་པ་རེད།
ས་གནས་གཞུང་འབྲེལ་གྱིས་བརྒྱུད་ལམ་ཁག་ཏུ་གཞུང་འབྲེལ་ཁྱབ་བསྒྲགས་བྱས་ཏེ། ཉེན་ཁ་ཡོད་པའི་ས་གནས་ཁག་སྟེ་མི་མང་རྣམས་རང་ཁྱིམ་ནས་ངེས་པར་འདུག་དགོས་རྒྱུ་གལ་ཆེན་པོ་མིན་ན་ཡང་། བྲེལ་ཟིང་ཆེ་བ་དང་མི་ཚོགས་འདུ་འཛོམས་བྱེད་ས་ཁག རོལ་དབྱངས་དུས་སྟོན་དང་དོན་རྐྱེན་ས་གནས། མེ་འཁོར་འབབ་ཚུགས་དང་གནམ་ཐང་། སྤྱི་དམངས་སྐྱེལ་འདྲེན་ས་ཚུགས་དང་བྲེལ་ཟིང་ཆེ་བའི་ཚོང་རའི་ཁྲོམ་ལམ་ཁག་ལ་དོགས་ཟོན་བྱེད་དགོས་པ་དང་། ཉེན་སྲུང་སྤྱི་བདེ་ཞིབ་བཤེར་ལ་བརྩི་སྲུང་བྱ་དགོས་པ། དཀྲོག་གཏམ་སྤེལ་མི་ཉན་པ་དང་། གཞུང་འབྲེལ་ཕྱིར་བསྒྲགས་གནས་ཚུལ་ལ་རྩ་འཛིན་བྱེད་དགོས་པར་བསྒྲགས་འདུག །
ད་དུང་རེས་སྤེན་པའི་ཉིན་འཇིགས་སྐུལ་དྲག་སྤྱོད་པའི་སྡིག་རའི་སྐོར་གྱི་གནས་ཚུལ་ཤེས་རྟོགས་ཆེད་དམིགས་བསལ་ཨང་གྲངས་ ༡༧༧༡ ཅན་གྱི་ཁ་པར་སྐུད་ལམ་ཞིག་ཀྱང་སྒྲིག་འཇུག་བྱས་ཏེ་མི་མང་ལ་བསྒྲགས་ཡོད་པ་དང་། རེས་གཟའ་ཉི་མའི་ཉིན་བར་ཁ་པར་དེ་བརྒྱུད་ནས་ཆུ་ཚོད་རེ་རེའི་ནང་ཁ་པར་༤༠༠ ལྷག་འབྱོར་གྱི་ཡོད་ལ། སྐར་མ་རེར་ཧ་ལམ་ཁ་པར་ཐེངས་༧ རེ་འབྱོར་ནས་མི་སྒེར་སོ་སོའི་འགྲོ་བསྐྱོད་བདེ་འཇགས་སྐོར་ལ་སྐད་ཆ་འདྲི་བཞིན་ཡོད་པ་རེད།
ས་གནས་ཀྱི་བརྒྱུད་ལམ་ཁག་གི་ནང་། རེས་གཟའ་སྤེན་པའི་མཚན་མོར་རྒྱལ་ས་བྷར་སལ་ཏུ་རྒྱུན་ལྡན་གྱི་འགྲུལ་བཞུད་དང་། ཚོང་ཁང་། ཟ་ཁང་། དེ་བཞིན་གླུ་གར་ཁང་། ལྟད་མོ་ཁང་སོགས་མདོར་ན་མི་མང་འདུ་འཛོམས་བྱེད་ས་ཚང་མ་སྒོ་བརྒྱབ་ཡོད་པ་དང་། མི་མང་ཚང་མ་སོ་སོའི་ནང་དུ་སྡོད་རྒྱུའི་ལམ་སྟོན་བྱུང་སྟེ། དྲག་འགུལ་གང་ཡང་མེད་པ་གནས་སུ་གྱུར་ཏེ། བྷར་སལ་ནི་ཤི་སོང་བའི་གྲོང་ཁྱེར་ཞིག་དང་འདྲ་པོ་འདུག་ཅེས་བཤད་པ་རེད།
རེས་གཟའ་ཉི་མའི་ཉིན་རྒྱལ་ས་བྷིར་སལ་ཏུ་དམིགས་བསལ་ཛ་དྲག་དོན་རྐྱེན་ཚབ་ཆེན་བྱུང་མེད་ནའང་། ཉེན་ཁའི་ཚད་རིམ་མུ་མཐུད་དུ་རེས་གཟའ་ཟླ་བའི་བར་གནས་རྒྱུ་ཡིན་འདུག་ལ། གཟའ་ཉི་མིའི་ཉིན་རྒྱབ་སྦེལ་ལྗམ་གྱི་བློན་ཆེན་ཁག་དང་གསང་ཞབས་པ་རྣམས། ཉེན་རྟོག་པ་དང་ཁྲིམས་ལུགས་དབང་འཛིན་བཅས་ལྷན་འཛོམས་ཀྱི་རྒྱལ་ཡོངས་བདེ་འཇགས་ལྷན་ཚོགས་ཤིག་འཚོགས་རྗེས། སྲིད་བློན་མེ་ཤལ་(PM Charles Michel )གྱིས་གསལ་བསྒྲགས་གནང་སྟེ། ས་གནས་ཀྱི་ཉེན་སྲུང་དམ་དྲག་གི་བྱ་སྤྱོད་མུ་མཐུད་གནས་རྒྱུ་ཡིན་པས། ས་འོག་མེ་འཁོར་མཚམས་འཇོགས་པ་དང་། སློབ་གྲྭ་དང་མང་ཚོགས་ཀྱི་བྱེད་སྒོ་ཆེ་ཁག་ཀྱང་ཕྱིར་འཐེན་བྱ་རྒྱུ་ཡིན་པ་རེད་འདུག ཡིན་ནའང་། སྲིད་བློན་གྱིས་ས་གནས་ཀྱི་གནས་སྟངས་རྒྱུན་ལྡན་དུ་གང་མགྱོག་བསྒྱུར་ཐུབ་སྲིད་པར་བརྗོད་ཡོད་པ་རེད། དེ་མིན་འཇིགས་སྐུལ་ཉེན་ཁ་ཞིབ་འཇུག་ཚན་པས་(OCAM) ས་གནས་ཀྱི་གནས་བབ་ལ་རྟོག་ཞིབ་བརྒྱུད་རིམ་བཞིན་གནས་སྟངས་གང་དགོས་ཕྱིར་བསྒྲགས་བྱ་རྒྱུ་ཡིན་པ་རེད།
སྤྱིར་བྷེལ་ལྗམ་དུ་ཁ་ཆེ་མི་གྲངས་ཁྲི་༤༦ཙམ་ཡོད་པ་དང་། སི་རི་ཡའི་ཁ་ཆེ་དྲག་སྤྱོད་ཚོགས་པའི་དམག་འཐབ་ཁྲོད་ཞུགས་མྱོང་བའི་མི་གྲངས་༥༠༠ ཙམ་ཡོད་འདུག་པས། ཡོ་རོབ་རྒྱལ་ཁབ་ཁག་ནས་སི་རིའི་ཡ་ཁ་ཆེ་དྲག་སྤྱོད་ཚོགས་པའི་དམག་འཁྲུག་ནང་ཞུགས་ཡོད་མཁན་མི་གྲངས་མང་ཤོས་ཡོད་པའི་རྒྱལ་ཁབ་ཅིག་ཏུ་ཆགས་ཡོད་པ་རེད་འདུག །
བྷེལ་ཇམ་(Belgium)གྱི་རྒྱལ་ས་བྷ་ར་སལ་(Brussels)ནས་གསར་འགོད་པ་བཀྲ་ཤིས་བདེ་ལེགས་ནས།