མ་འོངས་པར་ལུས་ལ་ན་ཚ་མ་བྱུང་བ་ཡིན་ན་ལས་འགུལ་མུ་མཐུད་སྤེལ་རྒྱུ་ཡིན་པར་གསུངས་སོང་།

ལས་འགུལ་བ་འཇམ་དབྱངས་བསྟན་འཛིན་གྱིས་མོན་རྟ་དབང་ནས་རྒྱལ་ས་ལྡི་ལི་བར་རྒྱ་གར་གྱི་མངའ་སྡེ་དགུའི་ནང་བོད་དོན་དྲིལ་བསྒྲགས་ཆེད་རྐང་འཁོང་སྐོར་སྐྱོད་ཀྱི་ལས་འགུལ་ཐེངས་ལྔ་པ་དེ་མཇུག་བསྒྲིལ་འདུག

པར། འཇམ་དབྱངས་བསྟན་འཛིན།

བོད་དོན་ལས་འགུལ་བ་འཇམ་དབྱངས་བསྟན་འཛིན་གྱི་བོད་དོན་དྲིལ་བསྒྲགས་ཀྱི་ལས་འགུལ་ཐེངས་ལྔ་པ་དེ། ཟླ་འདིའི་ཚེས་༡༠ ཉིན་༧གོང་ས་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་ལོ་ངོ་༣༥ འཁོར་བ་དང་། འཛམ་གླིང་འགྲོ་བ་མིའི་ཐོབ་ཐང་གི་བསྒྲགས་གཏམ་གཏན་འབེབས་གནང་ནས་ལོ་ངོ་༧༦ འཁོར་བའི་ཉིན་མོར་ལྡི་ལི་བསམ་ཡས་གླིང་དུ་འབྱོར་ཏེ། དེར་ས་གནས་ཚོགས་སྡེ་ཁག་དང་བོད་མི་རྣམས་ཀྱི་ཕེབས་བསུའི་འོག་ལས་འགུལ་མཇུག་བསྒྲིལ་འདུག

འཇམ་དབྱངས་བསྟན་འཛིན་གྱིས་ཕྱི་ལོ་༡༩༨༧ ཟླ་༩ ཚེས་༢༧ ་ཉིན་བོད་ཀྱི་རྒྱལ་ས་ལྷ་སར་རྒྱ་གཞུང་ལ་ངོ་རྒོལ་གྱི་རྔམ་སྟོན་ཁྲོམ་སྐོར་བྱས་ནས་མི་ལོ་ཧྲིལ་པོ་༣༧ ་འཁོར་བའི་དུས་དྲན་དང་བསྟུན། ལོ་འདིའི་ཕྱི་ཟླ་༩ ཚེས་༢༧ ཉིན་མོན་རྟ་དབང་ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་བར་བོད་དོན་དྲིལ་བསྒྲགས་ཆེད་རྐང་འཁོར་སྐོར་བསྐྱོད་ཀྱི་ལས་འགུལ་སྤེལ་འགོ་བཙུགས་ཡོད་པ་དང་། ཟླ་འདིའི་ཚེས་༡༠ བར་དུས་ཡུན་ཟླ་བ་གཉིས་ཙམ་གྱི་རིང་། ལམ་ཐག་སྤྱི་ལེ་བཞི་སྟོང་ལྷག་ཡོད་པའི་རྒྱ་གར་གྱི་མངའ་སྡེ་དགུའི་ནང་དུ་རྐང་འཁོར་སྐོར་བསྐྱོད་ཀྱིས་བོད་དོན་དྲིལ་བསྒྲགས་བྱས་འདུག

པར། འཇམ་དབྱངས་བསྟན་འཛིན།

ཐེངས་འདིའི་ལས་འགུལ་དང་འབྲེལ་ཁོང་ལ་ཁ་པར་གྱི་ལམ་ནས་བཅར་འདྲི་ཞུ་སྐབས། ཁོང་གིས་རང་ཉིད་ལ་ནད་ན་ཚ་མ་བྱུང་བ་ཡིན་ན་ལོ་ན་༦༥ མ་ཟིན་བར་བོད་དོན་ལས་འགུལ་སྤེལ་རྒྱུའི་ཁ་ཆེམས་བཞག་པ་ལྟར། རྒྱ་གར་རྒྱལ་ཡོངས་སུ་བོད་ཀྱི་ཐོག་དང་སྐབས་བབ་བོད་ནང་གི་ཛ་དྲག་གི་གནས་སྟངས་སོགས་ཀྱི་ཐོག་ལ་དྲིལ་བསྒྲགས་ཀྱི་ལས་འགུལ་སྤེལ་མུས་ཡིན་ཞེས་དང་། ཐེངས་འདིའི་ལས་འགུལ་ཁྲོད་རྐང་འཁོར་འཕྲོ་བརླག་ཕྱིན་པ་དང་ཆར་ཆུ་བབས་ནས་འགྲོ་ལམ་བཀག་པ་སོགས་ཀྱི་དཀའ་ངལ་དུ་མ་ཞིག་འཕྲད་ཀྱང་། བོད་ནང་གི་བོད་མི་ཚོའི་དཀའ་སྡུག་སེམས་ལ་འཁོར་དུས། ཁོང་ཉིད་ཀྱི་དཀའ་ངལ་ནི་བཤད་རིན་ཡོད་པ་ཞིག་མ་རེད་བསམས་ནས་དཀའ་ངལ་དུ་མ་ཞིག་ལ་གདོང་ལེན་བྱས་ནས་ལས་འགུལ་སྤེལ་བ་ཡིན་ཞེས་དང་། ལས་འགུལ་དང་པོ་སྤེལ་དུས་ནས་དཀའ་ངལ་དང་ལེན་བྱེད་རྒྱུའི་ཁས་ལེན་བྱས་ཡོད་པས་དཀའ་ངལ་ཇི་འཕྲད་ཞིབ་ཕྲ་ཞུ་རྒྱུ་མིན་ཞེས་གསུངས་པ་མ་ཟད། མ་འོངས་པར་ཡང་ལུས་ལ་ན་ཚ་མ་བྱུང་བ་ཡིན་ན། སེར་འབྲས་དགའ་གསུམ་ནས་བཞུགས་སྒར་དྷ་སའི་བར་ལས་འགུལ་ཞིག་སྤེལ་འཆར་ཡོད་ཅེས་གསུངས་བྱུང་།

དེ་བཞིན་ཁོང་གིས་རྒྱ་གཞུང་གིས་བོད་ནང་ཕ་མ་དང་བུ་ཕྲུག་ཁ་བྲལ་གཏོང་བ། དགོན་པ་དང་གྲྭ་བཙུན་ཁ་བྲལ་གཏོང་བ། བོད་ཀྱི་རིག་གཞུང་དང་ཤེས་རིག་རྩ་མེད་གཏོང་བཞིན་ཡོད་པ་སོགས་ཀྱི་ཐོག་བསམ་བློ་གཏོང་རྒྱུ་གལ་ཆེན་ཡིན་པ་མ་ཟད། བོད་མི་ཚོས་རང་བཙན་རྒྱལ་ཁབ་ཁག་གི་ནང་དུ་བོད་དོན་ལས་འགུལ་སྤེལ་བའི་སྐབས། གཞོན་སྐྱེས་ཚོས་མཉམ་ཞུགས་བྱེད་རྒྱུའི་རེ་བ་ཡོད་ཅེས་དང་། ཁོང་གི་ཨ་ཕ་ནི་བཙན་བྱོལ་ནང་རྒྱ་གཞུང་ལ་ཟས་བཅད་ངོ་རྒོལ་བྱེད་མཁན་དང་པོའི་གྲས་སུ་ཡོད་མཁན་ཞིག་དང་། དུས་རྒྱུན་དུ་ང་ཚོ་བོད་ལ་ལོག་དགོས་རེད་ཅེས་གསུང་གི་ཡོད་པར་བརྟེན། འཇམ་དབྱངས་བསྟན་འཛིན་རང་ཉིད་ཀྱི་སེམས་སུ་ཡང་བོད་རང་བསམས་ནས་སོ་སོའི་ཡུལ་དེ་མཐོང་རོགས་བྱས་ན་བསམ་པའི་རེ་བ་ཞིག་ཁྱེར་ནས་ལས་འགུལ་སྤེལ་གྱི་ཡོད་ཅེས་གསུངས་བྱུང།

གཞན་ཡང་ན་ནིང་ཕྱི་ཟླ་༡༠ ་ཚེས་༡༢ ནས་ཟླ་བ་གཅིག་ཙམ་གྱི་རིང་། ང་ཚོས་བོད་ནམ་ཡང་མ་བརྗེད་ཅེས་པའི་འབོད་ཚིག་འོག་བཞུགས་སྒར་དྷ་ས་ནས་གནས་མཆོག་རྡོ་རྗེ་གདན་བར་གྲོང་གསེབ་དུ་མར་བརྒྱུད་ནས་རྐང་འཁོར་སྐོར་སྐྱོད་ཀྱི་ལས་འགུལ་ཞིག་སྤེལ་ཡོད་པ་མ་ཟད། ལོ་དེའི་ཕྱི་ཟླ་༡༢ ་ཚེས་༡ ་ཉིན་ཁོང་གིས་ང་ཚོས་བོད་ནམ་ཡང་མ་བརྗེད་ཅེས་པའི་འབོད་ཚིག་འོག རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ནས་ཨུ་ཏར་ཁན་མངའ་སྡེའི་ནང་གི་བདེ་སྐྱིད་གླིང་གཞིས་ཆགས་བར་བོད་དོན་དྲིལ་བསྒྲགས་ཀྱི་རྐང་འཁོར་སྐོར་སྐྱོད་ལས་འགུལ་སྤེལ་ཡོད་པ་སོགས་ཐེངས་འདིར་རྐང་འཁོར་སྐོར་བསྐྱོད་ཀྱི་ལས་འགུལ་ཐེངས་ལྔ་པ་མཇུག་སྒྲིལ་འདུག
བོད་དོན་ལས་འགུལ་བ་འཇམ་དབྱངས་བསྟན་འཛིན་ནི་དགུང་ལོ་༦༤ ཡིན་ཞིང་། ཆུང་དུས་ནས་ཕ་དམ་པའི་དགོངས་གཞི་ལྟར་བོད་སྤྱི་པའི་དོན་དུ་ཕྱག་ལས་ཧུར་ཐག་གནང་མཁན་དང་། རྒྱུན་དུ་གཞོན་སྐྱེས་ཚོར་གཞན་ཡུལ་ག་ཚོད་སྐྱིད་ཀྱང་རང་ཡུལ་ནམ་ཡང་མ་བརྗེད་ཅེས་གསུང་མཁན་ཞིག་ཆགས་ཡོད་འདུག དེ་སྔོན་ཡང་བོད་ཀྱི་ས་མཚམས་བར་དུ་སྦག་སྦག་བཞོན་ནས་བོད་དོན་དྲིལ་བསྒྲགས་ཀྱི་ལས་འགུལ་ཡང་སྤེལ་མྱོང་ཡོད་འདུག།།

གསར་འགོད་པ། བློ་བཟང་རྒྱ་མཚོ།