མ་རྐང་ཁྲོམ་རར་གསར་ཞུགས་ཀྱི་ལས་རིམ་ཕྱིར་འཐེན་བྱས་པས་ཇེག་མཱ་ཡེན་ལ་གྱོང་གུད་རག

རྒྱ་ནག་ནང་གི་མི་སྣ་ཕྱུག་ཤོས་ཇེག་མཱ་ཡེན་ཚོང་ལས་ཁང་ཞིག་རྒྱལ་སྤྱིའི་མ་རྐང་ཁྲོམ་རར་གསར་ཞུགས་བྱེད་འཆར་ཡོད་པ་དང་། དེ་ནི་ལོ་རྒྱུས་ནས་ཚོང་ལས་ཁང་ཞིག་མ་རྐང་ཁྲོམ་རར་གསར་ཞུགས་སྐབས་སུ་དངུལ་མང་ཤོས་བཟོ་ཐུབ་མཁན་དེ་ཆགས་རྒྱུ་ཡིན་འདུག་ཀྱང་། རྒྱ་ནག་གི་དཔལ་འབྱོར་སྟངས་འཛིན་སྡེ་ཚན་ཁག་གིས་ལས་དོན་ལ་བཀག་འགོག་བྱས་ཡོད་འདུག་པ་དང་། དེ་ཡང་ཇེག་མཱ་ཡེན་དང་རྒྱལ་སྤྱི་ལ་དབང་ཆ་དངོས་གནས་དེ་སུའི་ལག་ཏུ་ཡོད་པའི་བརྡ་ལན་ཞིག་ཡིན་སྲིད་སྐོར་བརྗོད་བཞིན་འདུག 

ཟླ་༡༡ པའི་ཚེས་༤ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། རྒྱ་ནག་གི་དྲ་ཐོག་ཚོང་ལས་ཁང་ཆེ་ཤོས་(Alibaba) ཡི་ཁོངས་སུ་གཏོགས་པའི་དྲ་ཐོག་དཔལ་འབྱོར་ཚོང་ལས་སྡེ་ཚན་(Ant Group) ཞེས་པ་དེ། ཧོང་ཀོང་དང་ཤང་ཀང་(Shanghai) མ་རྐང་ཁྲོམ་ར་གཉིས་སུ་གསར་ཞུགས་བྱེད་འཆར་ཡོད་འདུག་པ་དང་། སྐབས་དེར་མི་མང་ལ་མ་རྐང་ཐེངས་དང་པོ་བཙོང་སྐབས་སུ་ཨ་སྒོར་ཐེར་འབུམ་༣༧ འདུ་འགོད་བྱེད་ཐུབ་རྒྱུ་ཡིན་འདུག་པས། མ་རྐང་ཁྲོམ་རའི་ལོ་རྒྱུས་ནས་ཚོང་ལས་ཁང་ཞིག་མ་རྐང་ཁྲོམ་རར་གསར་ཞུགས་སྐབས་སུ་དངུལ་མང་ཤོས་བཟོ་ཐུབ་མཁན་དེ་ཆགས་རྒྱུ་ཡིན་འདུག དེའི་སྔོན་ལ་སུ་ཌི་ཨ་རབ་གཞུང་གི་རྡོ་སྣུམ་ཚོང་ལས་ཁང་གིས་ཨ་སྒོར་ཐེར་འབུམ་༢༩.༤ འདུ་འགོད་བྱེད་ཐུབ་ནས་སྐབས་དེར་དངུལ་མང་ཤོས་བཟོ་ཐུབ་མཁན་ཡིན་འདུག (Ant Group) ཚོང་ལས་ཁང་ཟུང་སྦྲེལ་ཐོག་ནས་གསར་འཛུགས་བྱེད་མཁན་ཞིག་ནི་རྒྱ་ནག་ནང་གི་མི་སྣ་ཕྱུག་ཤོས་ཇེག་མཱ་ཡེན་ཡིན་འདུག་པས། རྒྱལ་སྤྱིའི་ནང་ཚོང་ལས་ཁང་དེའི་མ་རྐང་ལ་མ་འཛུགས་བྱེད་མཁན་ཡང་མང་པོ་ཡོད་འདུག་པ་དང་། ཚོང་ལས་ཁང་དེའི་མ་རྐང་ཁྲོམ་ར་ཤར་གཏོང་བྱེད་པར་ངང་སྒུག་བྱེད་མཁན་ཡང་མང་པོ་ཡོད་འདུག་སྟེ། གལ་ཆེན་གྱི་ལས་དོན་དེ་སྤེལ་བར་ཉིན་གཉིས་ཀྱི་སྔོན་ལ་ཚོང་ལས་ཁང་དེས་གསལ་བསྒྲགས་ཤིག་སྤེལ་ནས། མ་རྐང་ཁྲོམ་རར་གསར་ཞུགས་བྱེད་འཆར་གྱི་ལས་རིམ་དེ་གནས་སྐབས་ཕྱིར་འཐེན་བྱེད་རྒྱུའི་གསལ་བསྒྲགས་བྱས་ནས། རྒྱལ་སྤྱིའི་དཔལ་འབྱོར་སྡེ་ཚན་ནང་གླེང་སློང་ཆེན་པོ་འབྱུང་བཞིན་འདུག 

དེ་ཡང་གནས་ཚུལ་ཕྱིར་ཐོན་པར་གཞིགས་ན། ཟླ་བ་སྔོན་མར་དཔལ་འབྱོར་དང་འབྲེལ་བའི་ཆེས་མཐོའི་ལྷན་ཚོགས་ཤིག་གི་སྐབས་སུ། ཇེག་མཱ་ཡེན་གྱིས་རྒྱ་ནག་གི་ད་ཡོད་དངུལ་ཁང་ལམ་ལུགས་ལ་སྐྱོན་བརྗོད་དང་སྣང་ཆུང་གི་སྐད་ཆ་བཤད་ཡོད་ཁར། དཔལ་འབྱོར་སྟངས་འཛིན་སྡེ་ཚན་ཁག་གིས་ཉེན་ཁ་ལ་ཞེད་སྣང་ཆེན་པོ་བྱེད་ཀྱི་ཡོད་པས། དཔལ་འབྱོར་ཚོང་ལས་སྡེ་ཚན་གོང་འཕེལ་འགྲོ་བར་གནོད་སྐྱེལ་གྱི་ཡོད་སྐོར་སོགས། གནས་སྟངས་དངོས་དང་མཐུན་པའི་སྐད་ཆ་ཡིན་ཡང་། དབང་ཆ་ཆེན་པོ་ཡོད་པའི་རྒྱ་ནག་གི་དཔལ་འབྱོར་སྟངས་འཛིན་སྡེ་ཚན་ལ་ཕོག་ཐུག་བཏང་ཡོད་པ་དང་། རྒྱ་ནག་གི་ཚོང་ལས་ཁང་ཆེ་ཁག་དང་དཔལ་འབྱོར་སྟངས་འཛིན་སྡེ་ཚན་ཁག་བར་གྱི་འགལ་ཟླ་ཆེ་རུ་བཏང་ཡོད་སྐོར་བརྗོད་བཞིན་འདུག ཟླ་བ་༡༡ པའི་ཚེས་༢ ཉིན་རྒྱ་ནག་གི་དངུལ་ཁང་དང་ཉེན་སྲུང་སྟངས་འཛིན་ལྷན་ཚོགས་དང་། རྒྱ་ནག་གི་མི་དམངས་དངུལ་ཁང་སོགས་དཔལ་འབྱོར་སྟངས་འཛིན་ལས་ཁང་བཞི་ཡིས། ཇེག་མཱ་ཡེན་དང་(Ant Group) ཚོང་ལས་ཁང་གི་འགན་འཛིན་གཉིས་དྲི་རྩད་ཆེད་དུ་འབོད་འགུག་བྱས་འདུག་པ་དང་། ཚེས་༣ ཉིན་ཚོང་ལས་ཁང་དེས་མ་རྐང་ཁྲོམ་རར་གསར་ཞུགས་ཀྱི་ལས་རིམ་དེ་གནས་སྐབས་རིང་ཕྱིར་འཐེན་བྱེད་རྒྱུ་ཡིན་པའི་གསལ་བསྒྲགས་སྤེལ་འདུག དེ་ཡང་དེ་ལྟར་བྱེད་དགོས་པའི་རྒྱུ་མཚན་ཁག་ཅིག་ཕྱིར་བསྒྲགས་བྱས་པའི་ནང་། སྟངས་འཛིན་གྱི་སྒྲིག་གཞི་ཁག་ཅིག་གསར་པ་བཟོས་ཡོད་པས་དེ་དག་དང་མཐུན་ཆེད་དུ་ལས་དོན་བསྐྱར་ཞིབ་བྱེད་ཆེད་ཡིན་སྐོར་བརྗོད་བཞིན་འདུག་ཀྱང་། དཔྱད་བརྗོད་པ་ཚོས་རྒྱ་ནག་གི་དཔལ་འབྱོར་སྟངས་འཛིན་སྡེ་ཚན་ཚོས་ཕྱུག་བདག་ཇེག་མཱ་ཡེན་དང་རྒྱལ་སྤྱིའི་དཔལ་འབྱོར་སྡེ་ཚན་ཁག་ལ། མཐའ་མའི་ཐག་གཅོད་ཀྱི་དབང་ཆ་དེ་རྒྱ་ནག་གཞུང་ལ་ཡོད་པ་དྲན་གསོ་བྱེད་ཆེད་ཀྱི་བརྡ་ལན་ཡིན་སྐོར་བརྗོད་བཞིན་འདུག གནད་དོན་དེ་ལ་བརྟེན་ནས་ཕྱུག་བདག་ཁོང་གི་ཚོང་ལས་ཁང་གཞན་(Alibaba) མ་རྐང་རིན་གོང་མར་ཆགས་ནས་ཚོང་ལས་ཁང་དེའི་རིན་གོང་ཨ་སྒོར་ཐེར་འབུམ་༧༦ ལྷག་ཆུང་དུ་ཕྱིན་ནས། གྱོང་གུད་ཆེན་པོ་བྱུང་འདུག 

དེ་ཡང་རྒྱ་ནག་ནང་སྒེར་གྱི་ཚོང་ལས་སྡེ་ཚན་ཆེ་ཁག་རྣམས་དམར་ཤོག་ཚོགས་པར་རྒྱབ་སྐྱོར་བྱེད་མཁན་དགོས་ཀྱི་ཡོད་པ་དང་། གལ་ཏེ་དམར་ཤོག་ཚོགས་པར་སྐྱོན་བརྗོད་དང་དེའི་དབང་ཚད་ལ་ཁ་གཏད་གཅོག་ཐབས་བྱས་ཚེ། མགོ་གནོན་རྒྱུ་ཡིན་པ་གཏན་ཁེལ་རེད། དེ་ཡང་ཇེག་མཱ་ཡེན་དང་ཁོང་གི་ཚོང་ལས་སྡེ་ཚན་རྣམས་རྒྱལ་སྤྱིའི་ནང་ཤུགས་རྐྱེན་ཆེན་པོ་ཆགས་ཀྱི་ཡོད་པས། དེའི་སྟངས་འཛིན་རྒྱ་ནག་གཞུང་གི་འོག་ཏུ་མུ་མཐུད་གནས་རྒྱུ་གལ་ཆེན་ཆགས་ཀྱི་ཡོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།