མ་ཧྰ་གུ་རུའི་ཚོགས་འབུམ་ཆེན་མོ་དབུ་འཛུགས་ཞུས་འདུག

༧དཔལ་ས་སྐྱའི་ཁྲི་འཛིན་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་མ་ཧྰ་གུ་རུའི་ཚོགས་འབུམ་ཆེན་མོ་ཚོགས་ཐེངས་བརྒྱད་པ་སུད་སི་རུ་དབུ་འཛུགས་ཞུས་ཡོད་འདུག
ཟླ་འདིའི་ཚེས་༡༨ ནས་༢༠ བར་ཉིན་གསུམ་གྱི་རིང་སུད་སི་དང་ལིཀ་ཏེན་སིཊ་ཡན་བོད་རིགས་མི་མང་སྐབས་༡༦ པའི་འཐུས་ཚོགས་ཀྱིས་གོ་སྒྲིག་བྱས་ཐོག་མ་ཧྰ་གུ་རུའི་ཚོགས་འབུམ་ཆེན་མོ་དེ་སུད་སི་རུ་འཚོགས་ཡོད་འདུག ལོ་ལྟར་ཚོགས་མགོན་དུ་ཆོས་བརྒྱུད་རིས་མེད་ཀྱི་དབུ་བླ་ཞིག་གདན་འདྲེན་ཞུ་སྲོལ་ཡོད་པ་བཞིན། ཐེངས་འདིའི་ཚོགས་མགོན་དུ་༧དཔལ་ས་སྐྱའི་ཁྲི་འཛིན་རིན་པོ་ཆེ་མཆོག་གདན་དྲངས་ཡོད་པ་དང་། གང་གིས་དབུས་པའི་བླ་མ་དང་སེར་སྔགས་སྐྱ་གསུམ་གྱི་འདུས་ཚོགས་རྒྱ་ཆེན་པོ་ཚོགས་ཞུགས་གནང་ཡོད་འདུག


ཚོགས་འབུམ་འདི་བཞིན་གོ་སྒྲིག་ཞུ་དོན་ནི།༧སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་རིས་མེད་ཀྱི་སྐྱེས་ཆེན་གོང་ན་སུ་བཞུགས་ཐམས་ཅད་སྐུ་ཚེ་བསྐལ་བརྒྱར་བརྟན་ཞིང་རླབས་ཆེན་གྱི་མཛད་འཕྲིན་མཐའ་དག་གེགས་མེད་དུ་འགྲུབ་པ་དང་། བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་ལུས་སྲོག་ལོངས་སྤྱོད་དང་བཅས་པ་ཕངས་མེད་དུ་གཏོང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་གདུང་སེམས་མཉམ་བསྐྱེད་དང་བཀའ་དྲིན་རྗེས་དྲན་མཚོན་བྱེད་དང་། དེ་བཞིན་བོད་མི་ཡོད་དོ་ཅོག་གི་སྤྱི་མཐུན་བསོད་ནམས་གོང་འཕེལ་དང་རྐྱེན་ངན་བར་ཆད་ཡོད་རྒུ་ཞི་ནས་རྫོགས་ལྡན་ཆོས་སྤྱོད་ཀྱི་དཔལ་ལ་རོལ་དུ་ཡོང་བ་བཅས་ཀྱི་ཆེད་དུ་ཡིན་འདུག་ལ།
ད་ཐེངས་འདི་ནི་སྤྱི་སྨན་གྱི་ཞབས་རིམ་མ་ཧྰ་གུ་རུའི་ཚོགས་འབུམ་འཚོགས་ཐེངས་བརྒྱད་པ་དེ་ཡིན་འདུག
གསར་འགོད་པ་བསྟན་འཛིན་ལམ་བཟང་།