མཁས་དབང་ནོར་བྲང་ཨོ་རྒྱན་འདས་གྲོངས་སུ་ཕྱིན་འདུག

ཟླ་འདིའི་ཚེས་༢༠ ཉིན་བོད་ནང་གི་སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཟླ་འདིའི་ཚེས་༡༩ ཉིན། བོད་ནང་གི་ཕྱི་དྲོའི་ཆུ་ཚོད་༧:༠༧ ཐོག་བོད་ནང་གི་མཁས་དབང་ནོར་བྲང་ཨོ་རྒྱན་བོད་ཀྱི་རྒྱལ་ས་ལྷ་སར་འདས་གྲོངས་སུ་ཕྱིན་ཡོད་འདུག
མཁས་དབང་ནོར་བྲང་ཨོ་རྒྱན་ནི་ཕྱི་ལོ་༡༩༣༣ ལོར་གཞིས་རྩེ་གྲོང་ཁྱེར་གདོང་དཀར་གྲོང་ཚོའི་ཞིང་པའི་ཁྱིམ་ཚང་ཞིག་ཏུ་འཁྲུངས། ལོ་བདུན་གྱི་སྟེང་ནོར་བྲང་དུ་སྒེར་གྱི་བོད་ཡིག་སློབ་གྲྭ་འཛུགས་གཉེར་གནང་བའི་སློབ་ཕྲུག་གྲས་སུ་བོད་ཡིག་དང་། བོད་ཀྱི་རྡེལ་རྩིས། བརྡ་དག་གི་དཔེ་ཆ་འཛིན་སྐྱོར ། ཧོར་ཡིག་སོགས་ལོ་བཅུའི་རིང་སྦྱངས་བརྩོན་གནང་།
དེ་ནས་བཀྲ་ཤིས་ལྷུན་པོའི་དཀྱིལ་ཁང་གྲྭ་ཚང་གི་དཀའ་ཆེན་ཆོས་གྲྭ་བ་དཀའ་ཆེན་ངག་དབང་དང་། དཀའ་ཆེན་བཟོད་པ། དཀའ་ཆེན་པད་མ་བཅས་མཁས་པའི་དབང་པོ་གསུམ་བསྟེན་ནས་ལོ་གསུམ་རིང་(༡༩༤༠-༡༩༥༣) སུམ་རྟགས་དང་དག་ཡིག་ངག་སྒྲོན་སོགས་ལེགས་པར་སྦྱངས་པ་གནང་།

ཕྱི་ལོ་༡༩༦༠ ནས་༡༩༦༨ བར་གཞིས་རྩེ་དམངས་སྲིད་མི་དོན་ཅུས་སུ་ལོ་བདུན་རིང་ཕྱག་ལས་གནང་། རྗེས་སུ་གཞིས་རྩེ་ས་ཁུལ་ཨུ་ཡོན་ལྷན་ཁང་གཞུང་དོན་ཁང་ནང་གཉེར་པ་དང་ལོ་རྒྱུས་ཡིག་ཚགས་ཕྱོགས་སྒྲིག་བཅས་ཀྱི་ལས་ཀ་ལོ་བཅུ་གཉིས་(༡༩༦༨-༡༩༨༠) རིང་གནང་། རྗེས་སུ་བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གསར་དུ་འཛུགས་ཀྱིས་ཕྱག་ལས་གནང་བར་གདན་འདྲེན་ཞུས་པ་ལྟར་ལྷ་སར་ལས་གནས་སྤར་ཏེ་ལོ་ལྔའི་རིང་བོད་ལྗོངས་ཞིབ་འཇུག་བོད་ཡིག་རྩོམ་སྒྲིག་པའི་ཕྱག་ལས་གནང་། ཕྱི་ལོ་༡༩༨༥ ནས༡༩༨༧ ལོའི་བར་བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་དུ་བོད་ཡིག་དཔེ་རྙིང་དཔེ་སྐྲུན་གསར་འཛུགས་གནང་བས་དབུ་འཛིན་གཞོན་པ་དང་། སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པའི་མཚན་ཐོགས་ནས་ཕྱག་ལས་ལོ་གསུམ་རིང་ལ་གནང་། བོད་ཡིག་དཔེ་ཆའི་རྩོམ་ཞུས་ཀྱི་ཕྱག་ལས་གནང་ཞོར་མཁས་དབང་ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་དང་མཉམ་དུ་བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བ་ཞེས་པའི་སྒྲིག་རྩོམ་གྱི་ཕྱག་ལས་ལོ་ངོ་བཞིའི་རིང་གནང་བ་སོགས་དགུང་ལོ་༦༡ ཕྱི་ལོ་༡༩༩༤ ལོ་ལས་འཁྱུར་ངལ་གསོ་གནང་ཡོད་འདུག།
ལྷག་པར་དུ་བོད་ཀྱི་སྐད་ཡིག་རྒྱུན་འཛིན་དང་དར་སྤེལ་ཆེད་དུའམ་བོད་ཀྱི་སྐད་ཡིག་འདིའི་ཚེ་ཐག་གི་རྒྱུན་བསྲིངས་ཆེད་དུ་བྱ་དངོས་གསར་པ་རྣམས་ལ་བོད་སྐད་ཐོག་ནས་མིང་བརྡའི་ཐ་སྙད་སྟོང་ཆ་བསྐང་བའི་ཆེད་དུ་བོད་རང་སྐད་ནས་མིང་བརྡ་ཐ་སྙད་གསར་བ་འཐུས་སྒོ་ཚང་བ་ཞིག་གཏན་འབེབས་གནང་བའི་ལས་གཞི་སྟེ། མཁན་པོ་ཚུལ་ཁྲིམས་བློ་གྲོས་ཀྱིས་གཙོ་སྒྲིག་གནང་བཞིན་པའི་(རྒྱ་བོད་དབྱིན་གསུམ་གསར་བྱུང་རྒྱུན་བཀོལ་མིང་མཛོད།) ཅེས་པ་ཆོས་བརྒྱུད་དང་ཡུལ་ལུང་ཆོལ་ཁ་སྐྱ་སེར་རིས་སུ་མ་ཆད་པའི་མདོ་དབུས་ཁམས་གསུམ་གྱི་མཁས་པ་རྒྱས་འཛོམས་ཆེན་མོ་རུ་དགུང་ལོ་བརྒྱད་བཅུ་ལྷག་ལ་ཟིན་པའི་ནོར་བྲང་ཨོ་རྒྱན་ཡང་མ་སྐུལ་དང་བླངས་དང་། ལྷག་བསམ་དང་དུང་ཞེན་ལ་བརྟེན་ནས་མི་ལོ་བཅུ་གསུམ་གྱི་རིང་དུ་བྱ་བ་དེ་བསྒྲུབས་པར་ཕེབས་པ་དང་། མིང་མཛོད་དཔྱད་གླེང་གི་འཚོགས་འདུའམ་བགྲོ་གླེང་ཐེངས་རེར་ཟླ་ཕྱེད་ཙམ་འཚོགས་སྐབས་སྔ་དྲོའི་ཆུ་ཚོད་བརྒྱད་ཕྱེད་ནས་ཕྱི་དྲོའི་ཆུ་ཚོད་དྲུག་ཕྱེད་བར་དུ་ཉིན་གཅིག་ཀྱང་མ་ཆད་པར་བགྲེས་སོང་ཁོང་ཕེབས་པ་སོགས་གཞལ་དུ་མེད་པའི་རྣམ་དཔྱོད་དང་དྲི་མ་མེད་པའི་ལྷག་བསམ་ལ་བསྟེན་ནས་བོད་ཀྱི་རིག་གནས་འཛིན་སྐྱོང་སྤེལ་གསུམ་ཐད་ལ་སྨན་པའི་ཕྱག་རྗེས་བླ་ན་མེད་པ་བཞག་ཡོད་འདུག
ཁོང་ཉིད་ལས་གནས་སུ་ཡོད་སྐབས་དང་ལས་འཁྱུར་ངལ་གསོ་བྱས་རྗེས་བཅས་སྔ་རྗེས་སུ་རྩོམ་འབྲི་གནང་བའི་བརྩམས་ཆོས་དཔེ་སྐྲུན་ཟིན་པར་བལྟས་ན། བོད་སིལ་བུའི་བྱུང་བ་བརྗོད་པ་ཤེལ་དཀར་ཕྲེང་བ། ཆོས་རྒྱལ་དྲི་མེད་ཀུན་ལྡན་གྱི་རྟོགས་བརྗོད་བསྔགས་འོས་བསྔགས་པའི་འགྲེལ་བ་པད་དཀར་ཆུན་པོ། བོད་ཀྱི་དེབ་ཐེར་དཔྱིད་རྒྱལ་མོའི་གླུ་དབྱངས་ཀྱི་འགྲེལ་བ་ཡིད་ཀྱི་དགའ་སྟོན། རྗེ་ཙོང་ཁ་པ་ཆེན་པོའི་སྙན་ངག་གསུང་རྩོམ་བཤེས་གཉེན་སྦ་བ་ལ་གདམས་པ་ཨའི་དབྱངས་ངེས་དང་། སྤྱན་སྔ་གྲགས་པ་བྱང་ཆུབ་དཔལ་བཟང་པོའི་རྟོགས་བརྗོད་སྙན་དངགས་བྱིན་རླབས་ཀྱི་ལྷུན་པོ། ཆོས་ཀྱི་རྗེ་གྲགས་པ་བཟང་པོའི་བསྟོད་པ་བཅས་ཁག་གསུམ་གྱི་འགྲེལ་བ། རྙིང་མ་བ་དང་། བཀའ་བརྒྱུད་པ། ས་སྐྱ་བ། དགེ་ལུགས་པ་བཅས་གྲུབ་མཐའ་ཆེན་པོ་བཞིའི་ཞལ་འདོན་ཕྱོགས་བསྒྲིགས། ཀྲུང་གོའི་བོད་རིགས་པ་ཞིབ་འཇུག་ལྟེ་གནས་ནས་དཔེ་སྐྲུན་གནང་བ་བསྟན་འགྱུར་ནང་བཞུགས་པ་སྙན་ངག་གི་བསྟན་བཅོས་སྤྲིན་གྱི་ཕོ་ཉའི་འགྲེལ་བ་ངོ་མཚར་དགའ་སྟོན། མཁས་དབང་ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་དང་མཉམ་དུ་རྩོམ་སྒྲིག་གནང་བ་བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བ་ཞེས་པ་སྟོད་སྨད་བར་གསུམ་སོགས་ཡོད་འདུག
གཞན་ཡང་། མཁས་དབང་ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་དང་མཉམ་དུ་རྩོམ་སྒྲིག་གནང་བའི་བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བ་ཞེས་པར་ཕྱི་ལོ་༡༩༩༣ ལོར་ཐེངས་དང་པོའི་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་ཕུལ་བྱུང་དཔེ་དེབ་དཔྱད་འདེམས་ཟེར་བའི་ནང་། རིམ་པ་གསུམ་པའི་བྱ་དགའ་ཐོབ་པ་དང་། ཕྱི་ལོ་༡༩༩༣ ལོར་ཐེངས་དང་པོའི་རྒྱལ་ཁབ་རིམ་པའི་དཔེ་དེབ་བྱ་དགའ་ཟེར་བ་ཐོབ་ཅིང་། ཕྱི་ལོ་༢༠༠༦ ལོར་ཀྲུང་གོ་བོད་རིག་པ་ཟེར་བའི་དཔེ་དེབ་ཀྱི་བྱ་དགའ་མཐོ་ཤོས་ཇོ་མོ་གླང་མའི་དམིགས་བསལ་གྱི་བྱ་དགའ་ཐོབ་ཡོད་འདུག་ལ། ཁོང་གཅིག་གིས་བརྩམས་པའི་བོད་ཀྱི་དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་ཀྱི་འགྲེལ་པ་ཡིད་ཀྱི་དགའ་སྟོན་ལ་ཐེངས་གཉིས་པའི་ཀྲུང་གོ་མི་རིགས་དཔེ་དེབ་ཀྱི་རིམ་པ་གསུམ་པའི་བྱ་དགའ་ཐོབ་པ་དང་། ཕྱི་ལོ་༡༩༩༡ ལོར་བོད་ཡིག་འཕྲུལ་སྤྱོད་ཀྱི་རྒྱལ་ཁབ་དང་། རྒྱལ་སྤྱིའི་ཚད་གཞི་བཅོས་པའི་ནང་བྱས་རྗེས་གཟེངས་སུ་ཐོན་པའི་མཚན་སྙན་བྱ་དགའ་སོགས་ཐོབ་ཡོད་འདུག ཕྱི་ལོ་༢༠༠༠ ལོར་འཛམ་གླིང་ཐོག་རིང་ཤོས་ཐང་གའི་འཛམ་གླིང་ཅི་ཉེ་སིའི་རྟགས་མ་ཐོབ་པའི་ཀྲུང་གོ་བོད་ཀྱི་རིག་གནས་ཀུན་འདུས་ཞལ་ཐང་ཆེན་མོ་ཟེར་བ་གསར་བཞེངས་ཀྱི་བློ་འདོན་པའི་འགན་འཁུར་ཧུར་བསྐྱེད་བྱུང་བའི་དྲན་རྟེན་དཔང་ཡིག་བཅས་རིམ་པར་ཐོབ་ཡོད་འདུག །
གསར་འགོད་པ། བློ་བཟང་རྒྱ་མཚོ།

This will close in 0 seconds