མཁས་དབང་ཕ་ར་དགེན་རྣམ་རྒྱལ་དབང་ཆེན་སྐུ་གཤེགས་པ།
ཟླ་འདིའི་༨ ཚེས་༡༨ ཉིན་གྱི་དགོང་མོར་ཆུ་ཚོད་༧: ༥ ཐོག་གདན་ས་ཆེན་པོ་མཁས་མང་བློ་གསལ་གླིང་གྲྭ་ཚང་གི་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་ཕ་ར་དགེན་དམ་པ་རྣམ་རྒྱལ་དབང་ཆེན་མཆོག གཟིམ་ཤག་ཏུ་སྐུ་མྱ་ངན་ལས་འདས་པའི་ཡིད་སྐྱོའི་གནས་ཚུལ་བྱུང་ཡོད་པ་རེད།
འབྲེལ་ཡོད་ཀྱིས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། དམ་པ་ཁོང་ནི་ད་ལོར་བོད་ལུགས་ལྟར་ན་དགུང་གྲངས་༨༡ ལ་སོན་ཡོད་པ་རེད། ད་ལྟའི་ཆར་འཛམ་གླིང་གང་སར་ཡོད་པའི་ཁོང་གི་དད་ལྡན་སློབ་བུ་ཚོས་ཆོས་མཆོད་སྨོན་ལམ་རྒྱ་ཆེར་སྒྲུབ་བཞིན་ཡོད་པ་རེད།
མཁས་དབང་ཕ་ར་རྒན་རྣམ་རྒྱལ་དབང་ཆེན་མཆོག་ནི་ཕྱི་ལོ་༡༩༣༥ ལོར་ཁམས་འབའ་པ་ཕ་ར་སྤྱི་གསོ་ཚང་དུ་སྐུ་འཁྲུངས། སྐུ་ན་ཆུང་ངུའི་དུས་སུ། དབུས་ལྷ་ལྡན་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་དུ་ཆོས་བཞུགས་གནང་ཏེ། མཁན་ཆེན་པདྨ་རྒྱལ་མཚན་མཆོག་དང་ཤག་སྐོར་མཁན་པོ་ཉི་མ་རྒྱལ་མཚན་གཉིས་ཀྱི་ཞབས་ལ་གཏུགས་ནས་མི་ལོ་བཅུ་ལྷག་གཞུང་ཆེན་ཁག་ལ་སློབ་གཉེར་གནང་། གཞན་ཡང་ཐུན་མོང་རིག་གནས་ཁག་དང་བོད་ཀྱི་གསོ་བ་རིག་པ་བཅས་སྦྱང་པ་དཔྱིས་ཕྱིན་པ་མཛད།
ཕྱི་ལོ་༡༩༥༩ ལོར་དུས་འགྱུར་སྐབས་བོད་ནས་རྒྱ་གར་དུ་བྲོས་བྱོལ་དུ་ཕེབས་རྗེས་སུ་སྔར་གྱི་སློབ་གཉེར་འཕྲོ་བསྐྱངས་ཏེ། ནང་པའི་གཞུང་ལུགས་ཁག་རབ་འབྱམས་པའི་ཕུལ་བྱུང་གི་མཁས་པར་གྱུར། ༡༩༨༡ ནས་༡༩༨༧ བར་དབྱིན་ལིན་དུ་གཙུག་ལག་སློབ་ཆེན་ཞིག་ཏུ་དབྱིན་ཡིག་ཆེད་སྦྱོང་དང་། འཇམ་དབྱངས་ཆོས་ཚོགས་ཀྱི་སློབ་དཔོན་གནང་། དེ་ནས་༧གོང་ས་མཆོག་གི་བཀའ་དགོངས་བཞིན་རྒྱ་གར་དུ་ཕྱིར་ཕེབས་ནས་ད་བར་དགེ་ཕྲུག་བརྒྱ་ཕྲག་མང་པོར་དཔེ་འཁྲིད་གནང་ནས་བཞུགས། དམ་པ་ཁོང་གིས་བརྩམས་གནང་པའི་གཞུང་ཆེན་སྐོར་དབུ་མའི་རྟེན་འབྱུང་སྙིང་པོ། ཕར་ཕྱིན་ཨུཏྤ་ལའི་གྲུ་ཆ། མཛོད་འགྲེལ་ཆོས་མངོན་དཔག་བསམ་སྟོད་སྨད་གཉིས། འདུལ་འགྲེལ་བློ་གསལ་འཇུག་ངོགས་སྟོད་སྨད་གཉིས། གསང་སྔགས་ས་ལམ་མཁས་གསུང་གཅེས་བཏུས་བཅས་དེབ་ཆེན་པོད་དྲུག་དང་།ཚན་རིག་སྐོར་ཚན་རིག་ཤེས་བྱའི་ལང་ཚོ་ཞེས་པ་དཔེ་དེབ་གཉིས་དང་། ཚན་རིག་གི་རྡུལ་ཕྲན་སྐོར།
དགེན་པདྨ་རྒྱལ་མཚན་གྱི་རྣམ་ཐར། བཅས་བོད་ཡིག་ཐོག་དེབ་ཆེན་བཅུ་དང་།དབྱིན་ཡིག་ཐོག་ནས་ལམ་རིམ་བློ་སྦྱོང་སྐོར་དེབ་གཅིག། དབུ་མ་འཇུག་མ་དབྱིན་ཡིག་ཐོག་འགྱུར་མ་བཅས་བོད་དབྱིན་གཉིས་ཐོག་གསར་རྩོམ་འགྱུར་མ་བཅས་དེབ་ཆེན་བཅུ་གཉིས་མཛད། གསུང་དེབ་དེ་དག་གིས་གདན་སའི་སློབ་གཉེར་བ་དང་ཕྱི་རྒྱལ་དོན་གཉེར་བ་ཚོར་ཕན་རླབས་ཆེན་པོ་བྱུང་ཡོད། ལྷག་པར་དུ་ཚན་རིག་ཤེས་བྱའི་ལང་ཚོ་ཞེས་པ་ཚན་རིག་སྐོར་པོད་གཉིས་མཛད་པར་རྡོ་གདན་དུ་གསུང་ཆོས་སྐབས་༧་གོང་ས་མཆོག་གིས་ཀྱང་བསྔགས་བརྗོད་ཆེན་པོ་མཛད་གནང་པ་མ་ཟད། རྒན་དམ་པ་མཆོག་ནི་བོད་ཀྱི་ནང་པའི་མཁས་པ་ཚོས་མིག་དཔེར་ཡར་བལྟ་བྱ་ས་ཡིན་སྐོར་གསུངས་ཡོད། མདོར་ན་༧སངས་ རྒྱས་བསྟན་དོན་དང་༧གོང་ས་མཆོག་གི་བཀའ་དགོངས་བཞིན་ལན་དང་གྲགས་པ་སོགས་ལ་མི་བལྟ་བར་གྲྭ་རྐྱང་ཞིག་གི་འཚོ་བར་རོལ་ནས་ཉིན་མཚན་ལྟོས་མེད་གཞུང་ལུགས་ཁག་ལ་འཆད་ཁྲིད་སོགས་མཛད། གཞན་ཡང་༧གོང་ས་མཆོག་གི་བཀའ་བཞིན་༧སྐྱབས་རྗེ་ཡོངས་འཛིན་གླིང་རིན་པོ་ཆེ་མཆོག་གི་ཡོངས་འཛིན་གྱི་མཚན་གནས་བཞེས་ཏེ་མཆོག་སྤྲུལ་རིན་པོ་ཆེའི་གསན་བསམ་སློབ་གཉེར་མཐར་ཕྱིན་རག་བར་དུ་གཞུང་ལུགས་ཁག་སློབ་ཁྲིད་མཛད་གནང་ཡོད་པ་བཅས་སོ།
དམ་པ་ཁོང་སྐུ་འདས་གྲོངས་ཇི་ལྟར་བྱུང་མིན་སྐོར་དགེན་མཆོག་གི་ཞལ་སློབ་དང་ཞབས་ཞུ་བ་ཤག་སྐོར་མཁན་སྤྲུལ་རིན་པོ་ཆེ་མཆོག་ནས་འགྲེལ་བརྗོད་གནང་དོན། ཉེ་ལམ་ནས་དགེན་མཆོག་གི་སྐུ་གཟུགས་ཅུང་མ་བདེ་བ་ཆགས་ཤིང་། དེ་ནས་ཉིན་ཤས་ནས་མགུལ་གློ་ཅུང་བརྒྱབས་ཀྱི་འདུག དེ་མིན་བསྙུང་གཞི་ལྕི་མོ་ཞིག་འཕོག་པའི་ཚུལ་གང་ཡང་མ་མངོན། དེ་ནས་དགེན་མཆོག་གི་བསྙུང་གཞིའི་སྐོར་༧གོང་ས་མཆོག་ལ་སྙན་གསེང་ཞུས་པས་མགོན་པོ་མཆོག་ནས་ཐུགས་བརྩེ་ཆེན་པོས་སྒོ་ནས་”གང་ཉིད་མི་ཚེ་གང་པོར་བསྟན་པ་དང་འགྲོ་བའི་དོན་དུ་སྐུ་ངལ་བསྐྱོན་ཡོད་པས་ཐུགས་བློ་བདེ་པོ་གནང་ནས་བཞུགས་དགོས་ཞེས་སོགས་“དགོངས་པ་བཞེས་ཕྱོགས་སྐོར་བཀའ་སློབ་རྒྱ་ཆེར་ཕེབས་ཡོད། དེ་ནས་གོང་ཚེས་ཉིན་གྱི་དགོང་མོར་དགེན་མཆོག་བསྙུང་གཞི་ཆེན་པོ་ཡོད་པའི་ཚུལ་གང་ཡང་མེད་པར་རིམ་བཞིན་ལྗགས་དབུགས་ཇེ་ཆུང་ནས་ཇེ་ཆུང་ལ་གྱུར་ཏེ། མཐར་དགོང་མོའི་ཆུ་ཚོད་༧:༠༥ ཙམ་གྱི་ཐོག་ཕྱག་གཉིས་ཐལ་མོ་སྦྱོར་བཞིན་ཞལ་འཛུམ་བག་དང་བཅས་གཟིམ་ཤག་ཏུ་དགོངས་པ་གཞན་དོན་དུ་གཤེགས་པའི་ཚུལ་མཛད་སོང་། ད་ལྟའི་ཆར་སྐུ་གཟུགས་དང་ཞལ་མདངས་སོགས་སྔར་རྒྱུན་བཞིན་གནས་མུར་ཐུགས་དམ་ལ་བཞུགས་བཞིན་ཡོད་ལ། དད་ལྡན་བུ་སློབ་རྣམས་ཀྱིས་ཉིན་མཚན་ཆད་མེད་འདས་མཆོད་རྒྱ་ཆེར་སྒྲུབ་བཞིན་ཡོད། མཐའ་དོན་དགེན་རིན་པོ་ཆེ་མཆོག་གི་ཐུགས་དགོངས་ཟབ་མོ་ཡོངས་སུ་རྫོགས་པ་དང་། སྐྱེ་བ་ནས་ཚེ་རབས་ཐམས་ཅད་དུ་མགོན་པོ་གང་གིས་རྗེས་སུ་བཟུང་བ། སླར་ཡང་བསྟན་འགྲོའི་དོན་དུ་ཡང་སྲིད་འཁྲུལ་བྲལ་མྱུར་དུ་འཆར་བའི་མཆོག་གསུམ་རྒྱལ་བ་རྒྱ་མཚོར་གསོལ་འདེབས་དང་བསྔོ་སྨོན་ཞུ་བཞིན་ཡོད་ཅེས་གསུངས་སོང་།།
ལྷོ་ཕྱོགས་གསར་འགོད་པ་ཐུབ་བསྟན་བཀྲ་ཤིས།