མཁོ་དུས་ཞྭ་དང་མི་མཁོ་དུས་ལྷམ།
བོད་ཀྱི་བང་ཆེན་གསར་ཤོག་སྤྱིའི་འདོན་ཐེངས་༡༠༥༢ ཀྱི་ཆེད་བརྗོད།
བོད་མིའི་ཁ་ལ་དུས་རྒྱུན་ཐོགས་པའི་འཚེ་བ་མེད་པ་དང་ཞི་བདེ་འཆམ་མཐུན་ཞེས་པའི་འབོད་ཚིག་དེ་ཡིན་ཞིང་། ལོ་རྒྱུས་ནང་ཁ་ཞེ་གཉིས་མེད་ཀྱིས་ལག་བསྟར་བྱེད་མཁན་གང་མང་ཞིག་བྱུང་ཡོད་པ་བཞིན། འཚེ་བ་ཅན་གྱི་བྱ་སྤྱོད་ལག་བསྟར་བྱེད་མཁན་ཡང་མང་པོ་ཞིག་བྱུང་ཡོད་པ་དངོས་ཡོད་ཡིན། ད་ལྟའི་ཆར་བཙན་བྱོལ་བོད་པའི་སྤྱི་ཚོགས་སུ་ཁ་ནས་འཚེ་བ་མེད་པ་དང་ཞི་བདེ་མི་ཤོད་མཁན་བོད་མི་སུ་གཅིག་མེད་པ་ལྟ་བུ་ཡིན་ཡང་། དོན་དངོས་ལག་ལེན་ཐོག་ལུས་ངག་ཡིད་གསུམ་ནས་འཚེ་བ་མི་བྱེད་མཁན་ཧ་ཅང་དཀོན་ཚོད་དུ་སྣང་། ལུས་ཀྱི་འཚེ་བ་བྱེད་པར་ཡུལ་དུས་གནས་སྟངས་སྣ་ཚོགས་ཀྱི་དབང་གིས་མིའི་ལུང་པར་དཀའ་ངལ་ཆེན་པོ་ཡོད་ཀྱང་། སྐྲག་མི་དགོས་ས་ཞིག་ལ་ཐུག་དུས་ལུས་ཀྱི་ཐོག་ནས་འཚེ་བའི་སྦྱོར་བ་རྩོམ་པ་དང་། ངག་ནས་འཚེ་བ་དང་འབྲེལ་བའི་གཏམ་བརྗོད་འདྲ་མིན་སྤེལ་མཁན་མང་དུ་འགྲོ་བཞིན་འདུག བཙན་བྱོལ་བོད་མིའི་འཚེ་བ་མེད་པ་དེ་བཙན་པོ་དབང་ཡོད་ཚོའི་ཐུབ་ཚོད་བཟེད་པའི་ལག་ལེན་ལྟ་བུ་ཞིག་ཏུ་གྱུར་ཡོད།
བོད་ས་སྟོད་སྨད་བར་གསུམ་དུ་རྒྱ་དམར་དྲག་པོའི་གཞུང་གིས་བཙན་འཛུལ་དྲག་གནོན་བྱས་པའི་ལོ་རྒྱུས་ཀྱི་ཁྲག་དྲོན་སྐམ་མེད་པ་དང་། ཐུབ་ཚོད་དབང་ཡོད་སྣ་ཚོགས་ཤིག་ད་ལྟའི་ཆར་ཡང་མུ་མཐུད་ལག་བསྟར་བྱེད་བཞིན་པར་བཟོད་སྒོམ་གྱི་ཐོག་ནས་དབུ་མའི་ལམ་དུ་བསྐྱོད་ཐུབ་ནའང་། བོད་པ་ནང་ཁུལ་དུ་རྩོད་གཞི་ཁབ་ཙམ་མེད་པ་དང་རྒྱུ་མཚན་གང་ཡང་མེད་ཀྱང་ཁ་གཏད་སྣ་ཚོགས་གཅོག་པ་དང་། བཟོད་སྒོམ་སྤུ་རྩེ་ཙམ་མེད་པ་འདིའི་ཐོག་ནས་བསམ་བློ་བཏང་ཡང་། ད་ལྟའི་ཆར་བོད་པའི་འཚེ་མེད་ཞི་བའི་བསམ་བློའི་རྒྱབ་ལྗོངས་དེ་རང་ཉིད་ཀྱིས་གླགས་མི་ཁེལ་ས་ཞིག་གི་ཐུབ་ཚོད་ལ་བཟོད་སྒོམ་བྱེད་པའི་ཐབས་ལམ་ཙམ་ལས། རང་ལས་དམན་པ་དང་རང་ཉིད་དང་མཉམ་པ་ཞིག་ལ་བཟོད་བསྲན་ཁོག་ཡངས་ཀྱི་ཐོག་ནས་གཅེས་སྐྱོང་མཉམ་གནས་བྱེད་པའི་ཐབས་ལམ་ཞིག་གཏན་ནས་མིན་པ་ལྟ་བུར་གྱུར་འདུག རྒྱ་གཞུང་ལ་འཁོན་འཛིན་གྱི་བསམ་བློ་ཕལ་ཆེར་དོར་ཟིན་ཀྱང་། བོད་མི་ནང་ཁུལ་དུ་མཉམ་གནས་ཐུབ་ཐབས་མེད་པ་ལྟ་བུའི་ལངས་ཕྱོགས་འཛིན་མཁན་ཡོད།
སྤྱིར་བོད་པའི་ཁ་རྒྱུན་དུ་“རིགས་ངན་ཁ་སྤུ་ནང་ལ་སྐྱེ། ཉམ་ཆུང་ཁོང་ཁྲོ་ནང་ལ་ཟ།”ཞེས་བཤད་སྲོལ་ཡོད་པ་ལྟར་བོད་མི་ནང་ཁུལ་དུ་ངར་ངར་ཤོར་ཤོར་འབའ་ཞིག་བྱེད་མཁན་དག་ནི་དོན་གྱིས་ནུས་པ་གང་ཡང་མེད་པའི་མི་ཉམ་ཆུང་ཤ་སྟག་རེད། ད་ལྟའི་ཆར་༧གོང་ས་མཆོག་ཞལ་བཞུགས་ཡོད་སྟབས་ཕན་ཚུན་ཤོད་རེས་གཏུག་རེས་ཅུང་ཙམ་བྱས་ཀྱང་། བཙན་བྱོལ་བོད་པའི་སྤྱི་ཚོགས་རྦད་དེ་འཐོར་ཞིག་ཏུ་འགྲོ་རྒྱུའི་ཉེན་ཁ་དེ་ཙམ་མེད་ཀྱང་། མ་འོངས་པར་མུ་མཐུད་དེ་ལྟར་བྱས་ན་ཉེ་ཆར་གནས་ཆུང་ཆོས་སྐྱོང་གི་ལུང་བསྟན་རེད་ཟེར་བ་ཞིག་ཏུ་“སྐུ་འཚོ་བཞུགས་སྐབས་དེར་བོད་དོན་བདེན་མཐའ་མ་སེལ་ཚེ་འབྱུང་འགྱུར་མུན་པ་མུན་ནག་བཞིན་དུ་འགྱུར་བ་གདོན་མི་ཟ།”ཞེས་ཚིག་ཐག་བཅད་ནས་བཤད་འདུག་པ་བཞིན། ༧གོང་ས་མཆོག་ཞལ་མ་བཞུགས་པའི་དུས་ཚོད་ཅིག་བྱུང་བའི་སྐབས་སུ་ལྷ་མི་གཉིས་ཀའི་མིང་ཐོག་ནས་ཕྱོགས་ཞེན་དང་འཐེན་འཁྱེར་འབའ་ཞིག་བྱས་བསྡད་ན་བོད་པའི་སྤྱི་ཚོགས་དེ་མུན་པ་མུན་ནག་ཅིག་ཏུ་འགྱུར་རྒྱུ་ཉག་གཅིག་རེད།
མ་འོངས་པར་བཙན་བྱོལ་བོད་མི་རྣམས་ཉམ་ཆུང་ཚུལ་མཐུན་དུ་གནས་དགོས་པ་དང་། ལྷ་སྲུང་དེ་ཚོ་ཡང་“དགོས་དུས་ཞྭ་དང་མི་དགོས་དུས་ལྷམ་”ཟེར་བ་བཞིན་བེད་སྤྱོད་བཏང་ན། སོ་སྐྱེས་ཐ་མལ་པའི་ནང་ཡིད་ཆེས་བྱེད་མཁན་ཕལ་ཆེར་མེད་པར་འགྱུར་ངེས་རེད། རྡ་སར་མི་ལ་ཕྱོགས་ཁག་དང་འཐེན་འཁྱེར་ཡོད་པ་བཞིན། གཞུང་བསྟེན་ལྷ་སྲུང་དག་ལའང་ཁ་ཕྱོགས་དེ་ཡོད་པ་ཕྱི་ལོ་༢༠༡༦ ནས་གསལ་པོར་གྱུར་ཟིན། ལྷ་སྲུང་གང་ཞིག་གི་མཚན་ཁུར་མཁན་ཡིན་ཡང་། ཁ་ཕྱོགས་ཤིག་ཏུ་གནས་མ་ཐུབ་ཚེ་རྡ་སར་མུ་མཐུད་གནས་དཀའ། དཔེར་ན་ཚེ་རིང་མཆེད་ལྔས་རྒྱབ་རྩ་བྲག་རི་ལས་བརྟན་པའི་སྤྱི་འཐུས་ཤིག་གི་རྒྱབ་ནས་འཇུས་ཏེ་“དམ་སྲི་འབྱུང་པོ་ཁྱོད་སྡུག་ཚོད་ཟུངས་”ཞེས་བརྗོད་པར་བརྟེན། དེའི་རྗེས་སུ་ཚེ་རིང་མ་རྡ་སར་ཧ་ལམ་མཇལ་རྒྱུ་མེད་པར་གྱུར་ཡོད། རྗེས་སུ་གཉན་ཆེན་ཐང་ལྷས་སྲིད་སྐྱོང་དང་ཁྲིམས་ཞིབ་པའི་མིང་འཁྱེར་མཁན་རེ་ཟུང་ལ་ཕྱག་འབེབས་དང་སྦྲགས་བཀའ་བཀྱོན་གནང་རྗེས། གཉན་ཆེན་ཐང་ལྷའི་སྐུ་རྟེན་དེ་ཡང་རྡ་སར་ཧ་ལམ་ཕེབས་ཐུབ་མེད།
མདོར་ན་ལྷ་མི་གང་གི་མིང་ཁུར་མཁན་ཞིག་ཡིན་ཡང་སྤྱི་པ་ཁོ་ན་ལ་བསམ་བློ་གཏོང་མ་ཐུབ་པར། ཕྱོགས་ཞེན་གྱི་ཁ་ཕྱོགས་ཤིག་ཏུ་གོམ་ཁ་བསྒྱུར་ཟིན་པའི་རྗེས་སུ་ཡིད་ཆེས་བྱེད་མཁན་མེད་ལ། ལྷ་མི་ཟུང་འབྲེལ་གྱི་བྱེད་སྟངས་དེ་ལ་བརྟེན་ནས་མ་འོངས་པར་དོན་གྱིས་མུན་པ་མུན་ནག་ཅིག་ཏུ་བསྒྱུར་རྒྱུའི་ཉེན་ཁ་ཆེན་པོ་ཡོད། ༧རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་ཞིང་དུ་གཤེགས་སྐབས་ཆམ་འཇོམས་དཔའ་བོ་བཅུ་བཞི་ཕུལ་བའི་གནས་སྟངས་དང་། དེའི་རྗེས་གང་བྱུང་བ་དངོས་ཡོད་ལོ་རྒྱུས་དག་ཏུ་གསལ་བ་བཞིན་བསྐྱར་དུ་ཡོང་མི་སྲིད་པའང་གཏན་ནས་མ་རེད། དུས་རབས་ཉེར་གཅིག་པར་ཡང་ཆབ་སྲིད་ཀྱི་ལས་དོན་ཆེད་ལྷ་བབས་འདྲེ་འདུལ་གྱི་ཐབས་ལམ་དེ་འོས་འཚམ་ཡིན་མིན་ཞིབ་ཏུ་བསམ་བློ་གཏོང་དགོས་པ་ཞིག་རེད་ལ། སྐྱབས་བཅོལ་བའི་སྲིད་གཞུང་ཆུང་ངུ་ཞིག་གིས་མི་མང་པོ་ལ་ཟླ་ཕོགས་ཚད་ལྡན་སྤྲད་ཐུབ་མིན་གྱི་དཀའ་ངལ་ཡོད་བཞིན་དུ་ལྷ་མང་པོ་ཞིག་གི་མིང་ཐོག་ཏུ་ཟླ་ཕོགས་སྤྲད་བསྡད་པ་འདི་ལའང་བསྐྱར་ཞིབ་ཅིག་བྱེད་རན་པ་ལྟ་བུར་འགྱུར་བཞིན་ཡོད།།