མགོ་སྐོར་མང་པོ་ཐེབས་ཚར་རེད།

ཆེད་བརྗོད། 

ཉེ་ཆར་སྲིད་སྐྱོང་སྤེན་པ་ཚེ་རིང་གིས་ཏེ་ཛུ་དར་རྒྱས་གླིང་མི་མང་ལ་གསུང་བཤད་གནང་སྐབས། བོད་རྒྱ་འབྲེལ་བའི་སྐོར་བཀའ་མོལ་ཞིག་གནང་བའི་ནང། “རྒྱ་ནག་གཞུང་དང་ཐད་ཀར་འབྲེལ་བ་དེ་འདྲ་གང་ཡང་མེད། རྒྱབ་ནས་འབྲེལ་བ་དེ་འདྲ་གཉིས་ཙམ་ཡོད་རེད། ཕར་གང་ཡང་ལབ་ཀྱི་མེད། ཚུར་ག་རེ་ལབ་པ་དེ་ཚོ་ལ་ཉན་སྡོད་ཀྱི་ཡོད། དེ་མ་གཏོགས་ཅིག་གིས། ག་རེ་ཟེར་དགོས་རེད། back channel ཟེར་བ་རེད་པཱ། དབྱིན་ཇིའི་ནང་ back channel ཟེར་རེད། གཉིས་ཙམ་ཡོད་རེད། ནང་དོན་ང་ཚོས་ད་ལྟ་ཞེ་དྲག་ཤོད་ཀྱི་ཡོད་མ་རེད། ག་རེ་རེད་ལབ་ན་དེ་ཚོ་གཞུང་འབྲེལ་མ་རེད། ང་ལ་ཅིག་འབྲེལ་བ་ཡོད། གཉིས་འབྲེལ་བ་ཡོད་ཟེར་མཁན་དེ་འདྲ་ཡོང་གི་ཡོད་རེད། དེ་ལ་ཞེ་དྲག་ཡིད་ཆེས་བྱེད་ཀྱི་མེད། ད་མགོ་སྐོར་མང་པོ་ཐེབས་ཚར་བ་རེད་པཱ། དེ་ཡིན་དུས་ཙམ་པ་བརྟན་པོ་ཞེ་དྲག་བྱེད་ཀྱི་ཡོད།”ཅེས་གསུངས་འདུག བོད་རྒྱའི་འབྲེལ་ལམ་གྱི་ཐོག་ནས་བཤད་ན། ངོས་འཛིན་གནང་སྟངས་འདི་ད་ལྟའི་གནས་བབས་དང་ཁོར་ཡུག་གང་ཐད་ནས་དུས་ལ་བབ་པའི་ལངས་ཕྱོགས་ཤིག་ཏུ་ངོས་འཛིན་བྱེད་ཆོག

ཕྱི་ལོ་༢༠༠༠ ལོར་རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་དེ་༢༠༠༨ ལོར་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་འཚོག་རྒྱུའི་ཐག་གཅོད་བྱས་པ་དང། རྒྱལ་སྤྱིའི་ཁྱོན་ཡོངས་སུ་བོད་དོན་ལས་འགུལ་གྱི་ཚ་རླབས་ཆེ་རུ་འགྲོ་བའི་སྐབས་ཡིན་པ་དང། དེ་ལ་བརྟེན་ནས་རྩེད་འགྲན་དེར་གནོད་སྐྱོན་ཡོང་སྲིད་པར་ངོས་འཛིན་གྱིས། རྒྱ་གཞུང་གིས་བོད་རྒྱའི་གནད་དོན་ཐོག་གྲོས་བསྡུར་བྱེད་འདོད་ཡོད་པའི་རྣམ་འགྱུར་བསྟན་པ་དང། ཕྱི་ལོ་༢༠༠༢ ལོ་ནས་བཟུང་༧གོང་ས་མཆོག་གི་སྐུ་ཚབ་རྣམ་གཉིས་དང་ལྷན་བོད་རྒྱའི་གནད་དོན་སྐོར། ཨོ་རྩལ་འགྲན་ཚོགས་ཆེན་མོ་མ་ཚར་བར་ལོ་ལྟར་ཕན་ཚུན་སྐུ་ཚབ་ཐུག་འཕྲད་བྱས་ཡོད་པ་མ་ཟད། རྩེད་འགྲན་གྱི་དངོས་གཞི་༢༠༠༨ ལོར་སྐུ་ཚབ་ཐེངས་གཉིས་ཐུག་འཕྲད་བྱས་ཤིང། དེ་ཡང་ཕྱི་ཟླ་༨ པའི་རྩེད་འགྲན་གྱི་སྔོན་ཕྱི་ཟླ་༧ པའི་ནང་རྒྱ་ནག་སིན་ཀྲིན་དུ་ཐུག་འཕྲད་སྐབས་དགོས་འདུན་ཡིག་ཐོག་ཏུ་ཡོད་ན་རེ་བ་ཡོད་པའི་རྣམ་འགྱུར་བསྟན་པ་དང་འབྲེལ། མི་རིགས་ས་གནས་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ་དེ་རྩེད་འགྲན་གྲུབ་པའི་རྗེས་ཙམ་ལ་སྤྲད་པ་རེད།

བཙན་བྱོལ་བོད་པས་རྩེད་འགྲན་དེ་ལ་ངོ་རྒོལ་ཤུགས་ཆེན་པོ་བྱས་མེད་ལ། བོད་རྒྱ་འབྲེལ་མོལ་གྱི་ཁོར་ཡུག་བསྐྲུན་ཐབས་སུ་རྒྱ་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་གང་ཡང་སྤེལ་མི་རུང་བའི་ལམ་སྟོན་གནང། བཙན་བྱོལ་བོད་པའི་སྤྱི་ཚོགས་ཁྲོད་འགྲོ་སོང་ཧིན་སྒོར་ས་ཡ་མང་པོ་བཏང་ཞིང། དབུ་ལམ་གྱི་དགེ་མཚན་དང་ཕན་ནུས་བཅས་༧གོང་ས་མཆོག་གི་དགོངས་གཞི་དང་སྦྱར་ནས་སློབ་གསོ་ལུ་གུ་རྒྱུད་དུ་སྤེལ་བར་བརྟེན། རྒྱུ་མཚན་ལ་བརྟེན་ནས་ངེས་ཤེས་རྙེད་མཁན་ག་ཚོད་ཡོད་མེད་མི་ཤེས་ཀྱང། སྤྱི་ཚོགས་ཁྲོད་རྒྱ་གཞུང་ལ་འཁོན་འཛིན་གྱི་བསམ་བློ་ཆུང་དུ་སོང་ནས། ད་ཆ་རྒྱ་དམར་གཞུང་ལ་འཁོན་འཛིན་ལས་བོད་པ་ནང་ཁུལ་གྱི་འགལ་ཟླ་ཆུང་ཙག་རིགས་ལ་འཁོན་འཛིན་ཆེ་བའི་རྣམ་པ་ཞིག་མཐོང་རྒྱུ་འདུག དོན་དངོས་སུ་དབུ་མའི་ལམ་ལ་བརྟེན་ནས་རྒྱ་གཞུང་ཡིད་ཆེས་རྙེད་ཐུབ་པ་ཞིག་དང། རྒྱལ་སྤྱིའི་སྟེང་ནས་བོད་དོན་ལ་ཤ་ཚ་སྐྱེ་ཐུབ་པ་ཞིག་ཏུ་གྱུར་མེད་ཀྱང། བཙན་བྱོལ་བོད་མིའི་འཐབ་རྩོད་ཀྱི་བསམ་བློ་ཉམས་དམས་སུ་བཏང་བ་ནི། རྒྱ་གཞུང་དང་འབྲེལ་བ་ལ་བརྟེན་ནས་མགོ་སྐོར་ཐེབས་པ་ཞིག་རེད།

སྐབས་དེར་ཨོ་རྩལ་འགྲན་ཚོགས་ཆེད་བོད་དོན་དང་འབྲེལ་ནས་འགལ་རྐྱེན་བཟོ་མཁན་གང་ཡང་མ་བྱུང་བ་ནི། རྒྱ་གཞུང་ལ་རྒྱལ་ཁ་ཁོ་ན་ལས་སྐབས་དེའི་འབྲེལ་ལམ་ལ་བརྟེན་ནས་བོད་དོན་ལ་ཁེ་བཟང་གང་ཡང་བྱུང་མེད་པ་མ་ཟད། རྒྱུན་འཁྱོངས་གསུམ་སོགས་དང་འབྲེལ་བའི་ཆ་རྐྱེན་རྣམས་ཡིག་ཐོག་ནས་ཁས་ལེན་བྱས་པ་ནི། མ་འོངས་པའི་བུ་རབས་ཚ་བརྒྱུད་ཀྱི་སྣང་ངོར་ལོ་རྒྱུས་ཀྱི་ནག་ཐིག་ཅིག་ཏུ་འགྱུར་ངེས་རེད། འབྲེལ་ལམ་འདི་ཙམ་མ་ཡིན་པར་ཕྱི་ལོ་༡༩༧༩ ཙམ་ནས་འབྲེལ་ལམ་བསྐྱར་མཐུད་བྱུང་བ་བཅས་ཀྱི་གནས་སྟངས་ལ་ཕྱི་མིག་ཅིག་བལྟས་ནའང་མགོ་སྐོར་ཁོ་ན་ལས་དྲང་བདེན་གྱི་རྣམ་པ་ཞིག་མེད། འདས་པའི་ལོ་གཅིག་ལྷག་རིང་ལའང་མགོ་སྐོར་ཐེབས་པའི་གནས་སྟངས་བྱུང་ཡོད་སྲིད་པ་རེད་ལ། གང་ལྟར་སྲིད་སྐྱོང་གིས་གསུངས་པའི་གནད་དོན་དེ་ཧ་ཅང་གལ་ཆེན་པོ་དང་ངོས་འཛིན་གནང་སྟངས་དེ་གནས་བབས་དང་མཐུན་པ་ཞིག་དང། མ་འོངས་པར་ཡང་རང་ཁེ་དོན་གཉེར་ཅན་ཚོའི་རྒྱབ་ཀྱི་བརྒྱུད་ལམ་ལ་ཡིད་ཆེས་མི་རུང་བའང་སྤྱིར་བཏང་ཙམ་དུ་ངོས་འཛིན་གནང་དགོས།

མདོར་ན་བཙན་བྱོལ་བོད་གཞུང་གིས་རྒྱ་དམར་གཞུང་དང་འབྲེལ་ལམ་བྱས་པ་བརྒྱུད་བོད་ནང་ནས་བོད་མི་མང་པོ་ཞིག་བཙན་བྱོལ་དུ་ཕེབས་ཐུབ་ཡོད་པའི་འགྲེལ་བཤད་རྒྱག་གི་ཡོད་ཀྱང། བཙན་བྱོལ་ནང་ནས་མི་ཁག་ཅིག་ལ་རྒྱ་ནག་གཞུང་ཚབ་ཁང་བརྒྱུད་བོད་ལ་བསྐྱོད་ཆོག་པའི་ཡིག་ཆ་ཞིག་སྤྲད་ཡོད་པ་དེ་ནི་ཕྱི་སྡོད་རྒྱ་མི་རྣམས་ལའང་སྤྲོད་བཞིན་ཡོད། སྔོན་མ་སྐུ་དྲག་གི་ཁྱིམ་རྒྱུད་སོགས་རྒྱ་གཞུང་གི་བཙོན་ཁང་ནས་བཙོན་གྲོལ་ཐོབ་པ་ཁག་ཅིག་རྒྱ་གར་དུ་ཡོང་རྒྱུའི་གོ་སྐབས་ཙམ་སྤྲད་ཡོད་ཀྱང། བོད་ནས་ཡོང་བའི་སེར་སྐྱ་མི་མང་དཀྱུས་མ་རྣམས་ནི་རྒྱ་གར་དུ་སྲོག་འབེན་ལ་བཙུགས་ནས་ཡོང་བ་ཤ་སྟག་ལས། དབུ་མའི་ལམ་ལ་བརྟེན་ནས་རྒྱ་གཞུང་གིས་ཕེབས་སྐྱེལ་བྱས་ཡོང་བ་ཞིག་གཏན་ནས་མིན་པས། ངོས་འཛིན་འདི་ཡང་བོད་པས་བོད་པ་མགོ་སྐོར་བཏང་བ་ཙམ་ཞིག་རེད། གང་ལྟར་བོད་རྒྱའི་འབྲེལ་ལམ་ནང་རྒྱ་གཞུང་གིས་བོད་པ་མགོ་སྐོར་བཏང་བཞག་པ་ཧ་ཅང་མང་བའི་རྒྱུ་མཚན་དང་གནས་ལུགས་སྤྱི་ཚོགས་ནང་རིམ་བཞིན་ཁྱབ་བསྒྲགས་དང་གོ་རྟོགས་སྤེལ་དགོས་པ་དེ་ཧ་ཅང་གལ་ཆེ་སྙམ།།