མང་གཙོ་དང་དད་མོས་ཀྱི་ཁོར་ཡུག

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༥༦༠ ཕྱི་ལོ་ ༢༠༡༥/༩/༡༦
ཆབ་སྲིད་ཀྱི་ལམ་ལུགས་སུ་མང་གཙོ་ཁོ་ན་གཞི་རྩར་བཟུང་ན་ལེགས་ཤོས་སུ་གྱུར་ཡོད་པ་དང། ཆོས་ལུགས་པས་ཆོས་ཉམས་ལེན་བྱེད་པའི་སྐབས་སུ་དད་པ་རྨང་གཞིར་འཇོག་དགོས་པ་དེའང་འདོར་ཐབས་མེད་པའི་ཐབས་ལམ་ཞིག་ཏུ་གྱུར་ཡོད། ད་ལྟ་བོད་པའི་སྤྱི་ཚོགས་ནང་ཆོས་ལ་དད་མོས་དེ་ཁ་ཙམ་ལས་དོན་དངོས་སུ་ཡོད་མཁན་དཀོན་པ་དང། དགེ་འདུན་པས་ངུར་སྨྲིག་གི་རྒྱལ་མཚན་གསོལ་བཞིན་སྟོན་དང་བསྟན་པ་ལ་དད་མོས་དང་ཡིད་ཆེས་གཏན་ནས་མེད་པའི་རྩོམ་ཡིག་སྤེལ་མཁན་དང་བསམ་ཚུལ་ཤོད་མཁན་ཡང་ཡོད་པ་ནི། ཡར་རྒྱས་ཀྱི་བསམ་བློ་ཞིག་གཏན་ནས་མིན་པར་དུས་ངན་སྙིགས་མའི་རང་རྟགས་མངོན་དུ་གྱུར་པར་ངོས་འཛིན་བྱེད་ཆོག ཆབ་སྲིད་པས་ཆོས་ལུགས་དང་ཆོས་ལུགས་པ་ལག་ཆར་སྤྱད་ནས་ཆབ་སྲིད་ཀྱི་ཁེ་དབང་སྒྲུབ་ཐབས་བྱེད་པ་ནི་དེ་བས་ཀྱང་མི་འོས་པ་ཞིག་དང། ཆབ་སྲིད་དང་མང་གཙོའི་ལམ་ལུགས་ཀྱི་ནང་དུ་བླ་སློབ་ཀྱི་འདུ་ཤེས་དང། དད་པ་དམ་ཚིག་གི་སྐད་ཆ་མེད་པར་ཚང་མ་འདྲ་མཉམ་དུ་འཛིན་དགོས་པ་འདི་ཡང་རང་དབང་མང་གཙོའི་རྩ་དོན་གལ་ཆེ་ཤོས་ཤིག་ཏུ་གྱུར་ཡོད།

གོང་དུ་བརྗོད་པ་བཞིན་བོད་ཡུལ་སྤྱི་དང་བྱེ་བྲག་བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་ཆོས་ལ་དད་མོས་བྱེད་མཁན་ནི་དོན་གྱིས་ཉིན་མོའི་སྐར་མ་བཞིན་དུ་གྱུར་ཡོད་པ་དང། བོད་མི་ཕལ་མོ་ཆེའི་ངོས་ནས་ཚེ་འདིའི་རྐྱེན་སེལ་ལྟ་བུ་ལས་མཐར་ཐུག་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ལ་རེ་བ་རྒྱག་མཁན་ནི་ཕལ་ཆེར་དཀོན་ཚོད་དུ་གྱུར་ཡོད། མི་ཚེ་ཆོས་ལ་སློབ་གཉེར་བྱེད་མཁན་དག་གི་ངོས་ནས་ཀྱང་དད་པ་ནི་དབང་རྟུལ་དག་གི་སྤྱོད་ཡུལ་ཁོ་ན་ཡིན་པས། ཆེས་སྡུག་ཤོས་ཀྱི་ལག་ཆ་ཞིག་ཏུ་ངོས་འཛིན་བྱེད་པ་དང། ཆོས་ཀྱི་ལྟ་གྲུབ་དང་གཞུང་ལུགས་མང་པོ་ཞིག་ངག་ནས་ཆུ་རྒྱུག་པ་བཞིན་སྐྱོར་རྒྱུ་ཡོད་ཀྱང། སེམས་གཏིང་ནས་དད་མོས་དང་ཡིད་ཆེས་ཁ་མ་བྲལ་བའི་ཐོག་ནས་གནས་ལུགས་འཚོལ་མཁན་ནི། ང་ཚོའི་སྤྱི་ཚོགས་འདིར་དེ་བས་ཀྱང་དཀོན་པོ་མིན་ནམ་སྙམ་པ་ལྟ་བུའི་ཚོར་སྣང་རང་ཤུགས་ཀྱིས་སྤྲད་ཡོང། དེར་བརྟེན་དད་པ་མེད་པའི་གང་ཟག་ཅིག་གི་ངོས་ནས་ཆོས་ཉམས་ལེན་ཚུལ་བཞིན་བྱེད་ཐུབ་མིན་གྱི་ཐོག་ལའང་ཐེ་ཚོམ་མི་སྐྱེ་ཐབས་མེད་དུ་གྱུར་ཡོད།

འཛམ་གླིང་སྤྱི་སྲོལ་ལྟར་ན་མང་གཙོའི་ལམ་ལུགས་ནང་དད་པ་བེད་སྤྱོད་གཏན་ནས་མེད་ནའང། བཙན་བྱོལ་བོད་པའི་མང་གཙོའི་ལམ་སྲོལ་ནང་དད་པ་ཡོད་མེད་ཀྱང་གཞི་འཛིན་ས་ཞིག་ཏུ་བརྩི་བཞིན་འདུག ཁག་ཅིག་གིས་དད་པ་མེད་ན་གཞི་རིམ་གྱི་འོས་ཆོས་མ་ཚང་བར་བརྩི་མཁན་ཡང་ཕལ་ཆེར་ཡོད་ཚོད་དུ་སྣང་ཞིང། དད་པ་དམ་ཚིག་ཡོད་མེད་དེ་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་འགྲན་ནང་ཁ་གཏད་ཕམ་པར་རྒྱག་པའི་ལག་ཆ་ཡག་ཤོས་སུ་བརྩི་བཞིན་འདུག མང་གཙོའི་སྤྱི་ཚོགས་ནང་དབུ་ཁྲིད་ནས་ཆབ་འབངས་ཀྱི་བར་དུ་བསམ་ཚུལ་གང་ཡོད་བཤད་ཕོད་པ་དང། ཤོད་དགོས་པ་དེ་ཧ་ཅང་གི་གལ་ཆེན་པོ་ཡིན་པ་ལས། དད་པ་དང་དམ་ཚིག་དེ་ཉིད་གནས་སྐབས་འདིར་གལ་ཆེན་པོ་གཏན་ནས་མིན། དེ་བས་དགེ་བཤེས་ལྷ་རམས་པ་དང། མཁན་པོ་དང་སློབ་དཔོན་གྱི་འོས་ཆོས་ནང་རྒྱུགས་སྤྲོད་ཀྱི་གྲུབ་འབྲས་ཁོ་ན་ཙམ་མ་ཡིན་པར། དད་པ་དམ་ཚིག་འདི་ཉིད་ངེས་པར་ཚང་དགོས་པ་ཞིག་ཏུ་ངོས་འཛིན་བྱེད་དགོས་པ་ལྟ་བུར་གྱུར་ཡོད་ཀྱང། དེང་སྐབས་ང་ཚོའི་སྤྱི་ཚོགས་སུ་འདི་གཉིས་གོ་ཟློག་ཏུ་གྱུར་འདུག

བོད་ནང་ནས་ཀྱང་ཤེས་ལྡན་པ་ཁག་ཅིག་གིས་བཙན་བྱོལ་བོད་པའི་སྤྱི་ཚོགས་དེ་ཆབ་སྲིད་ཀྱི་ཐོག་ནས་ཤེས་རྨོངས་པ་དང། ལམ་ལུགས་ཀྱི་ཐོག་ནས་རྨོངས་དད་ཁོ་ན་གཙོ་བོར་འཛིན་མཁན་རེད་ཅེས་བརྗོད་བཞིན་འདུག དོན་དངོས་ཐོག་ནས་བཙན་བྱོལ་བོད་མི་རྣམས་རྨོངས་དད་གཙོ་བོར་འཛིན་མཁན་ཞིག་ཡིན་ན་ཆབ་སྲིད་དང་མ་འོངས་བོད་མིའི་མདུན་ལམ་ཐག་གཅོད་བྱེད་ཕྱོགས་ཀྱི་ཐོག་ནས་ཡིན་པ་ལས། ཆོས་ལུགས་ལ་རྨོངས་དད་ཙམ་ཡང་བྱེད་མཁན་དཀོན་པའི་ཚད་དུ་གྱུར་ཡོད། གཙོ་ཆེ་ཤོས་བོད་མི་རིགས་ཀྱི་སྤྱི་དོན་དང། བོད་རྒྱལ་ཁབ་ཀྱི་རྩ་དོན་ཐོག་ལ་འགན་ཁུར་རྒྱུའི་བསམ་བློ་ཞན་པའི་ཐོག སྒེར་གྱི་འཚོ་ཐབས་ཀྱི་གནས་བབས་ཡག་ཏུ་གཏོང་རྒྱུའི་བསམ་བློ་གཙོ་བོར་འཛིན་མཁན་མང་བའི་རྐྱེན་གྱིས་དོན་དམ་པར་འགན་ཁུར་གཞན་ལ་དཀྲི་ཐབས་ཁོ་ན་བྱེད་བཞིན་ཡོད་པར་མཐོང། དེར་བརྟེན་ཆབ་སྲིད་ཀྱི་ཁོར་ཡུག་ནང་དད་པ་གཙོ་བོར་འཛིན་མཁན་ནི་འགན་མ་ཁུར་བ་ཁོ་ན་ལས་གོ་རྟོགས་མཐོ་དྲགས་པ་དང། སྤྱི་སེམས་ཆེ་དྲགས་པས་གཏན་ནས་མིན་སྙམ།

མདོར་བསྡུས་ན་ཆབ་སྲིད་པ་ལ་དད་པ་ཡོད་མི་རུང་བ་དང། ཆོས་ལུགས་པས་མང་གཙོ་ལག་བསྟར་བྱེད་མི་འོས་པ་ཞིག་གཏན་ནས་མིན་ཡང། དད་པ་བེད་སྤྱོད་བྱེད་ཡུལ་དང། མང་གཙོ་ལག་བསྟར་བྱེད་ཡུལ་གྱི་ཁོར་ཡུག་གཉིས་ཀ་གཏན་ནས་ནོར་མི་རུང་བ་འདི་ཉིད་གལ་ཆེན་པོར་གྱུུར་ཡོད། དད་པ་ཁ་ལ་ཁུར། སྒེར་དོན་ཁོག་ལ་བཅུགས་ནས་སྤྱི་པའི་སྒྲིག་འཛུགས་ལ་གཏོར་བཤིག་གཏོང་མཁན་དང་སྒེར་དོན་སྒྲུབ་མཁན་མང་པོ་ཡོད། སྤྱིར་བོད་པ་ལ་མཚོན་ན་དད་པ་དང་མང་གཙོ་གཉིས་ཀ་གལ་ཆེན་པོ་ཡིན་པ་གཅིག་མཚུངས་ཡིན་ཡང། མང་གཙོ་དང་འདྲ་མཉམ་ནི་སྤྱི་པའི་སྒྲིག་འཛུགས་དང་རྩ་དོན་ཁོ་ན་ལ་རག་ལས་པའི་ལམ་ལུགས་ཤིག་ཡིན་པ་དང། དད་པ་དང་དམ་ཚིག་ནི་མི་སྒེར་ཁོ་ནའི་གནད་དོན་ཞིག་ཏུ་གྱུར་ཡོད་པས་སུ་གཅིག་གིས་ཁྱེད་ལ་དད་པ་ཡོད་མེད་རྒྱུ་མཚན་དུ་བསྙད་ནས་ཐེ་གཏོགས་བྱེད་ཆོག་ཆོག་ཅིག་ཏུ་གྱུར་མེད། དེ་གཉིས་ཀ་བེད་སྤྱོད་བྱེད་པའི་ཁོར་ཡུག་ནོར་སོང་ན་རྩྭ་འཐུ་སར་སྐམ་པ་བེད་སྤྱོད་མེད་པ་དང་གཅིག་མཚུངས་སུ་འགྱུར་ངེས་རེད།།