མང་གཙོ་དང་སྲིད་དོན་ཚོགས་པ།
བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༤༨༦ ཕྱི་ལོ་ ༢༠༡༤/༤/༡༦
འཛམ་གླིང་གི་ཤར་ནུབ་ཀུན་ཏུ་མང་གཙོ་ཅན་གྱི་རྒྱལ་ཁབ་མང་པོ་ཡོད་ནའང། དེའི་ནང་ནས་རྒྱ་གར་ནི་མང་གཙོ་ཅན་གྱི་རྒྱལ་ཁབ་ཆེ་ཤོས་དང། རང་དབང་ཆེ་ཤོས་ཡོད་པའི་རྒྱལ་ཁབ་ཅིག་རེད་ཅེས་བརྗོད་ཀྱང་ཆོག ལོ་འདིར་རྒྱ་གར་རྒྱལ་ཡོངས་ཀྱི་འོས་བསྡུ་ཆེན་མོ་བརྒྱུད་གཞུང་འཛིན་མཁན་གྱི་འགོ་ཁྲིད་གསར་འདེམས་བྱེད་བཞིན་ཡོད་པ་དང། དེ་ཡང་མི་མང་གི་དགའ་མོས་ཆེ་ཤོས་བྱེད་ཡུལ་གྱི་ཚོགས་སྡེ་གཅིག་ལ་རྒྱལ་ཁ་ཐོབ་ན་ལོ་ལྔའི་རིང་སྲིད་གཞུང་གི་དབང་ཆ་བརྟན་པོ་འཛིན་ཐུབ། འོན་ཀྱང་ཚོགས་པ་གཅིག་ལ་ཁྲིམས་ལུགས་གཞིར་བཟུང་མང་མོས་མ་ཐོབ་པར་ཚོགས་པ་རེ་ཟུང་ཟླ་སྒྲིལ་བྱེད་དགོས་པའི་གནས་སྟངས་ཀྱང་མང་པོ་ཡོང་གི་ཡོད། ལོ་འདིའི་འོས་བསྡུའི་འགྲན་རྩོད་ནང་མང་པོ་ཞིག་གིས་བྷི་ཇེ་བྷི་སྲིད་དོན་ཚོགས་པར་རྒྱལ་ཁབ་འཐོབ་རྒྱུའི་ཚོད་དཔག་བྱེད་བཞིན་ཡོད་ཀྱང། ཚོགས་པ་གཅིག་རང་གིས་གཞུང་འཛིན་ཐུབ་པ་ཞིག་ཡོང་དཀའ་བ་དེ་ཡང་འདས་པའི་ལོ་རྒྱུས་དང་གཙོ་བོ་ད་ལྟའི་གནས་སྟངས་ལ་བལྟ་ཞིབ་ཅིག་བྱས་ན་གསལ་པོ་ཆགས་ཡོད།
རྒྱ་གར་གྱི་ཆབ་སྲིད་ལམ་ལུགས་ནང་སྲིད་དོན་ཚོགས་པ་ཧ་ཅང་མང་པོ་ཡོད་པ་དང། དེ་ལ་བརྟེན་ནས་ཕན་ཐོགས་ཡོད་པ་མང་པོ་བྱུང་མྱོང་ལ། སྤྱི་ཚོགས་ནང་དོན་མེད་བརྡབ་གསིག་མང་པོ་བཏང་བ་ལྟ་བུའི་གནས་སྟངས་ཤིག་ཀྱང་རང་བཞིན་གྱིས་མངོན་གསལ་དུ་གྱུར་ཡོད། སྐབས་རེ་རང་གི་ཚོགས་པའི་ཁེ་ཕན་ཁོ་ནར་བསམ་བློ་བཏང་ནས་རྒྱལ་ཁབ་སྤྱིའི་ཁེ་ཕན་ལ་དེ་ཙམ་བསམ་བློ་མི་གཏོང་དང། གཏོང་མི་ཐུབ་པ་ལྟ་བུའི་གནས་ཚུལ་མང་པོ་ཞིག་ཡོང་གི་ཡོད་ཅིང། རྒྱ་གར་གྱི་ཆབ་སྲིད་ལམ་ལུགས་དང་སྲིད་དོན་ཚོགས་པ་མང་པོ་འཛུགས་ཆོག་པ་དེ་རང་དབང་ཧ་ཅང་ཆེན་པོ་ཞིག་ཡིན་ནའང། དེ་ལ་བརྟེན་ནས་སྔ་རྗེས་སུ་དཀའ་ངལ་འཕྲད་པ་འདི་དག་ནི་ཕྱོགས་གཅིག་ནས་སྐྱོན་ཆ་ཞིག་ཏུ་ངོས་འཛིན་བྱས་ཀྱང་ཆོག་པ་ལྟ་བུ་རེད། སྤྱིར་མང་གཙོ་ལོངས་སུ་སྤྱོད་བཞིན་པའི་རྒྱལ་ཁབ་སོ་སོའི་ཁོར་ཡུག་དང་དགོས་མཁོ་ལ་གཞིགས་ནས་ལམ་ལུགས་མི་འདྲ་བ་མང་པོ་ཞིག་དར་ཁྱབ་བྱུང་ཡོད་པ་ལས་ཚང་མ་ཚད་ཐིག་གཅིག་ཏུ་ངོས་འཛིན་བྱེད་ཆོག་པ་གང་ཡང་མིན།
མང་གཙོ་དར་བའི་ཡུལ་གྲུ་ཁག་ཏུ་དམིགས་བསལ་གྱི་བཟང་ཆ་དང་སྐྱོན་ཆ་མང་པོ་ཡོད་ནའང། དེ་དག་ཚང་མ་རིག་གནས་དང་ཆོས་ལུགས་ཀྱི་རྒྱབ་ལྗོངས་མི་འདྲ་བ་སོགས་ལ་བརྟེན་ནས་ངོས་འཛིན་བྱེད་སྟངས་ཀྱང་མི་འདྲ་བ་ཡོང་གི་ཡོད་པས་མཐའ་གཅིག་ཏུ་འདི་ཁོ་ན་ཡག་ཤོས་རེད་ཅེས་ཁ་ཚོན་གཅོད་ཐབས་མེད། འོན་ཀྱང་སྲིད་དོན་ཚོགས་པ་མང་པོ་ཡོད་པའི་རྒྱལ་ཁབ་ཅིག་ཡིན་ན་གྲོས་ཚོགས་ཀྱི་འཐུས་མིའི་འོས་གཞི་ཡང་སྲིད་དོན་ཚོགས་པ་སོ་སོས་བཏོན་ཡོང་བ་དེ་དག་ལས། མི་མང་གི་སེམས་ནང་དུ་མི་འདི་དང་འདི་འདེམས་དགོས་བསམ་པ་ཞིག་ཡོད་ཀྱང། སྲིད་དོན་ཚོགས་པ་ཁག་གི་འོས་གཞིའི་ཁོངས་སུ་མེད་པ་དང། དོ་བདག་མི་དེ་འོས་གཞིར་དང་བླངས་ཀྱིས་འཛུལ་ཞུགས་བྱས་མེད་ཚེ། ཐད་ཀར་མི་མང་གིས་འདེམས་རྒྱུའི་ལམ་ཁ་མེད་པ་ལྟ་བུར་གྱུར་ཡོད། དེར་བརྟེན་སྲིད་དོན་ཚོགས་པ་ཁག་གི་རྒྱལ་ཁབ་དང་མི་མང་གི་ཆེད་དུ་བསམ་བློ་ཡག་པོ་ཞིག་གཏོང་མ་ཐུབ་ན་ཉེན་ཁ་ཆེན་པོ་ཡོད་པ་ཞིག་ཏུའང་རང་བཞིན་གྱིས་ཡིན།
བཙན་བྱོལ་བོད་པའི་མང་གཙོ་ནི་གཙོ་ཆེ་ཤོས་རྒྱ་གར་གྱི་མང་གཙོའི་ལམ་ལུགས་ལ་དཔེ་བླངས་ཤིང། དེའི་ཐོག་ལ་བཙན་བྱོལ་བོད་པའི་དགོས་མཁོ་དང་བསྟུན་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དུས་ནས་དུས་སུ་ལམ་སྟོན་སྣེ་ཁྲིད་གནང་བ་ཞིག་ཡིན་ཡང། ཁྲིམས་ལུགས་ཀྱིས་ངོས་འཛིན་དང་ནུས་ཤུགས་ཡོད་པའི་སྲིད་དོན་ཚོགས་པ་འཛུགས་རྒྱུའི་ལམ་སྲོལ་འདི་ཉིད་བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་ད་བར་བྱུང་མྱོང་མེད། དེའི་རྒྱུ་མཚན་ཡང་བཙན་བྱོལ་བོད་མི་ཉུང་ཤས་ལས་མེད་པ་འདིའི་ནང་དུ་སྤྱིའི་སྒྲིག་འཛུགས་ལས་ཚོགས་པ་ཁག་རྩ་ཆེར་བཟུང་ནས་གཅིག་སྒྲིལ་བྱེད་མི་ཐུབ་པའི་དཀའ་ངལ་ཞིག་འཕྲད་སྲིད་པར་གཟིགས་པ་ཡིན་ངེས་རེད། ད་ལྟའི་ཆར་ཆོལ་ཁ་གསུམ་གྱི་ཚོགས་པ་སོ་སོས་དབུས་རྒྱུན་གྱི་ངོས་ནས་སྤྱི་འཐུས་སོགས་ཀྱི་འོས་གཞི་རེ་འདོན་གྱི་ཡོད་ཀྱང། མི་མང་གི་ངོས་ནས་དེ་ལ་ངོས་འཛིན་བྱེད་དང་མི་བྱེད་རང་དབང་རེད། དེར་བརྟེན་སྲིད་དོན་ཚོགས་པའི་ལམ་ལུགས་འདི་ཉིད་བཙན་བྱོལ་བོད་པའི་སྤྱི་ཚོགས་ཀྱི་གནས་བབས་དང་བསྟུན་ནས་བཤད་ན་དེ་ཙམ་གྱི་དགོས་མཁོ་མེད་པ་ཞིག་ཏུ་གྱུར་ཡོད།
མདོར་ན་སྲིད་དོན་ཚོགས་པ་ཡོད་པའི་མང་གཙོའི་ནང་ཕྱོགས་འགལ་ཚོགས་པའི་ངོས་ནས་གཞུང་འཛིན་ཚོགས་པའི་ལས་དོན་ལ་སྐྱོན་འཛུགས་བྱེད་དགོས་པ་དང། དེ་ལ་བརྟེན་ནས་གཞུང་འཛིན་ཚོགས་པའི་ངོས་ནས་ལས་དོན་ལ་ཁག་ལ་ངེས་པར་གཟབ་དགོས་པ་དང་ཡར་རྒྱས་གཏོང་དགོས་པ་སོགས་ཕན་ཐོགས་ཆེན་པོ་ཡོད་ཀྱང། ཕྱོགས་འགལ་ཚོགས་པའི་ཁོངས་སུ་ཡོད་པའི་འཐུས་མི་ཞིག་གི་ངོས་ནས་རང་ཉིད་ཀྱིས་དུས་རྒྱུན་དུ་ཡག་ཤོས་སུ་མཐོང་བའི་ལས་དོན་ཞིག་གཞུང་འཛིན་ཚོགས་པས་བྱེད་འཆར་ཡོད་ན། རང་ཉིད་ཀྱི་ཚོགས་པས་དེ་ལ་མོས་མཐུན་མི་བྱེད་པར་འཐུས་མི་རང་ཉིད་ཀྱིས་དེ་ལ་རྒྱབ་སྐྱོར་བྱས་ན་ཕོ་རོག་དཀར་པོར་གྱུར་པ་དང་གཅིག་མཚུངས་སུ་བལྟ་བ་ལྟ་བུའི་དཀའ་ངལ་ཡང་ཡོད། དེར་བརྟེན་སྲིད་དོན་ཚོགས་པ་ཡོད་པ་ཙམ་གྱིས་མང་གཙོ་ཚད་ལྡན་དང་ཡང་དག་པ་ཡིན་པའི་ངེས་པ་གང་ཡང་མེད་ལ། སྲིད་དོན་ཚོགས་པ་མེད་པ་ཙམ་གྱིས་མང་གཙོ་ཚད་ལྡན་མིན་ཚུལ་དེ་བས་ཀྱང་བརྗོད་དཀའ། སྲིད་དོན་ཚོགས་པ་མང་པོ་ཡོད་པའི་རྒྱལ་ཁབ་ཁག་ལ་བལྟས་ན་དགེ་སྐྱོན་གཉིས་ཀ་མཐོང་རྒྱུ་ཡོད་ལ། སྲིད་དོན་ཚོགས་པ་མེད་མཁན་ལའང་དེ་ལྟ་བུའི་དགེ་སྐྱོན་གཉིས་ཀ་ཡོད་པ་བཤད་མི་དགོས་པ་རེད།།