བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༨༣༥ ཕྱི་ལོ་ ༢༠༢༠/༠༡/༠༦
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དབུ་ཁྲིད་པའི་བཙན་བྱོལ་བོད་གཞུང་ནི། མང་གཙོའི་ལམ་ལུགས་སུ་བསྐྱོད་ནས་མི་ལོ་དྲུག་ཅུ་ཙམ་འཁོར་ཡོད། མ་འོངས་པར་བཙན་བྱོལ་བོད་མིའི་སྤྱི་ཚོགས་དེ་ཡང་མང་གཙོའི་ལམ་ལུགས་སྲ་བརྟན་དུ་གནས་ཐུབ་མིན་ལ་རག་ལས་ཡོད་པ་དང་། ༧གོང་ས་མཆོག་ཞལ་བཞུགས་སྐབས་བཙན་བྱོལ་བོད་པའི་སྤྱི་ཚོགས་སུ་དཀའ་རྙོག་ཆེ་ཆུང་ག་འདྲ་ཞིག་འཕྲད་ནའང་། འདུམ་སྒྲིག་བྱེད་མཁན་ཞིག་ཡོད་པས་ཁ་འཐོར་དགུ་འཐོར་དུ་འགྲོ་རྒྱུའི་ཉེན་ཁ་གཏན་ནས་མེད། ༧གོང་ས་མཆོག་ཞལ་མ་བཞུགས་པའི་སྐབས་རྩོད་རྙོག་ཆེན་པོ་ཇི་ལྟར་བྱུང་ཡང་ཁ་འཐོར་དུ་མི་འགྲོ་བའི་གཞི་རྩ་ངོ་མ་མང་གཙོའི་ལམ་ལུགས་དེ་ཡིན་པ་དང་། བཙན་བྱོལ་བོད་མི་རྣམས་ཀྱིས་མང་གཙོའི་ལམ་ལུགས་ལ་ཡིད་ཆེས་དང་ཤར་བསྐྱོད་བྱེད་མ་ཐུབ་ན་མ་འོངས་པར་ཁ་འཐོར་དུ་འགྲོ་རྒྱུའི་ཉེན་ཁ་ཧ་ཅང་ཆེན་པོ་ཡོད། སྐབས་སོ་སོར་གནས་སྟངས་འདྲ་མིན་སྣ་ཚོགས་ཡོང་སྲིད་ཀྱང་ལམ་ལུགས་འདི་ལ་བརྩི་བཀུར་དང་ཡིད་ཆེས་ལྷོད་མི་རུང་བ་ནི་བཙན་བྱོལ་བོད་མི་ལ་མཚོན་ན་ལས་འགན་ཉག་གཅིག་ཏུ་མཐོང་།
བོད་པ་ནང་ཁུལ་དུ་བསམ་ཚུལ་མི་མཐུན་པ་དང་ལྟ་ཚུལ་རིང་ཐུང་མང་པོ་ཡོང་སྲིད་པ་དང་། སྐབས་རེ་འཁྲུག་རྩོད་ཆུང་ཙག་རེ་ཡང་འཆོར་སྲིད་ནའང་། དོན་དངོས་སུ་མཉམ་གནས་དང་འཆམ་མཐུན་ཡོང་ཐབས་ཀྱི་གཞི་རྩ་གཙོ་བོ་མང་གཙོའི་ལམ་ལུགས་ཀྱི་ཐོག་ཏུ་བཞག་ཅིང་། མང་གཙོའི་ལམ་ལུགས་བརྒྱུད་འོས་འདེམས་བྱུང་བའི་མགོ་ཁྲིད་སུ་ཡིན་ཡང་། རང་ཉིད་ཀྱིས་རྒྱབ་སྐྱོར་བྱེད་ཡུལ་ཡིན་མིན་ལ་མ་ལྟོས་པར་རྒྱབ་སྐྱོར་ཚད་མཐོན་པོ་བྱེད་དགོས་པ་དེ་མང་གཙོའི་ལམ་ལུགས་བརྒྱུད་དབུ་ཁྲིད་འོས་འདེམས་བྱེད་དགོས་པའི་དམིགས་ཡུལ་གཙོ་བོ་ཡིན། མང་གཙོའི་ལམ་ལུགས་ལ་མཐོང་དང་ཆ་འཇོག་ཚད་དང་ལྡན་པ་ཞིག་བྱུང་ན། མི་མང་ཕལ་ཆེ་བའི་བསམ་ཚུལ་གཞི་རྩར་བཞག་ནས་དེ་ལ་གུས་བཀུར་དང་གདེང་འཇོག་བྱེད་ཐུབ་པ་དང་། དེའི་ཞོར་དུ་རང་ཉིད་ཀྱི་འདོད་ཕྱོགས་ཀྱང་བློས་གཏོང་བྱེད་དགོས་པ་ཞིག་མིན། མི་མང་གིས་འོས་འདེམས་བྱས་པའི་དབུ་ཁྲིད་ལ་བརྩི་བཀུར་ཚད་ལྡན་ཞིག་མི་བྱེད་པ་ནི། དོན་དངོས་སུ་མང་གཙོའི་ལམ་ལུགས་ལ་རྒྱབ་ཀྱིས་ཕྱོགས་པ་ཞིག་ཏུ་བརྩི་ཆོག
༧གོང་ས་མཆོག་གིས་བཙན་བྱོལ་བོད་མི་རྣམས་མི་ལོ་༦༠ ཙམ་གྱི་རིང་གཡས་སྐྱོར་གཡོན་སྐྱོར་མཛད་ནས་མང་གཙོའི་ལམ་དུ་ཁྲིད་གནང་བའི་དགོས་དམིགས་གཞིར་བཟུང་། བཙན་བྱོལ་བོད་མིའི་མ་འོངས་པའི་གཅིག་སྒྲིལ་དང་མདུན་བསྐྱོད། ལྷག་པར་དུ་རྩ་དོན་འཐབ་རྩོད་རྒྱུན་བསྲིང་པར་མེད་དུ་མི་རུང་བའི་ཆ་རྐྱེན་གཙོ་བོ་དེ་བོད་མིའི་སྒྲིག་འཛུགས་ཡིན་པ་དང་། བོད་མིའི་སྒྲིག་འཛུགས་རྒྱུན་གནས་ཐུབ་པར་མང་གཙོའི་ལམ་ལུགས་འདི་ཉིད་གལ་ཆེ་ཤོས་ཡིན། འོས་བསྡུ་ཆེན་མོའི་སྐབས་རང་ཉིད་ཀྱིས་རྒྱབ་སྐྱོར་བྱེད་ཡུལ་ལ་རྒྱལ་ཁ་མ་ཐོབ་པར། མུ་མཐུད་རྒྱལ་ཁ་ཐོབ་མཁན་དེ་ལ་ངོ་རྒོལ་བྱེད་པ་དང་། མི་བདེན་རྫུན་སྒྲིག་གིས་དཀྲོག་གཏམ་བཟོ་མཁན་ཁག་ཅིག་ད་ལྟའི་ཆར་བཙན་བྱོལ་བོད་པའི་སྤྱི་ཚོགས་སུ་ཡོད་ནའང་། དེ་ནི་མང་གཙོའི་ལམ་ལུགས་ལ་སྦྱོང་བརྡར་དམན་པའི་བྱེད་སྟངས་ཙམ་ཡིན་པར་ངོས་འཛིན་གྱིས། མ་འོངས་པར་མི་མང་གིས་འོས་འདེམས་བྱས་པའི་མགོ་ཁྲིད་སུ་ཡིན་ཡང་བརྩི་བཀུར་བྱེད་ཐུབ་པའི་གུ་ཡངས་ཀྱི་བསམ་ཚུལ་ཞིག་སླེབས་ཐུབ་པར་སྦྱོང་བརྩོན་བྱེད་དགོས།
རེ་བ་བཟང་ས་ནས་བརྒྱབ་ན་བཙན་བྱོལ་ནང་དུ་མང་གཙོའི་ལམ་ལུགས་རྒྱུན་རིང་ལག་བསྟར་དང་སྦྱོང་གོམས་བྱས་པ་ལ་བརྟེན་ནས། འདྲ་མཉམ་དང་དྲང་བདེན་གྱི་བསམ་བློ་གཞི་རྩར་བཟུང་བའི་ཆབ་སྲིད་ཀྱི་ལམ་ལུགས་ཤིག་ཡོད་པ་དང་། མ་འོངས་པར་བོད་གསར་པ་འཛུགས་སྐྲུན་བྱེད་སྐབས་མང་གཙོ་ལག་བསྟར་བྱེད་ཆོག་ཆོག་ཅིག་ཡོད་ན། དེ་ཡང་བཙན་བྱོལ་བོད་པའི་སྤྱི་ཚོགས་ཀྱི་ངོས་ནས་གཞིས་བཞུགས་རྒྱ་ཆེའི་མི་མང་ལ་ལེགས་སྐྱེས་ཆེ་ཤོས་སུ་གྱུར་ཡོད། སྤྱིར་འཛམ་གླིང་ཤར་ནུབ་གང་སར་མང་གཙོའི་ལམ་ལུགས་ལག་བསྟར་བྱེད་བཞིན་པ་ཆ་ཚང་ཡང་དག་པ་དང་ཚད་དང་ལྡན་པ་ཞིག་ཆགས་ཐུབ་མེད་ནའང་། ཆབ་སྲིད་ཀྱི་ལམ་ལུགས་ཡོངས་རྫོགས་ཀྱི་ནང་ནས་དར་སྲོལ་ཆེ་ཤོས་དང་། འདྲ་མཉམ་དང་རང་དབང་གི་ཐོག་ནས་མི་མང་ལ་ཕན་ཐོགས་ཆེ་ཤོས་མང་གཙོའི་ལམ་ལུགས་ཡིན་པ་དེ་གྲགས་ཤིང་གྲུབ་པ་ཞིག་ཏུ་གྱུར་ཡོད། དེ་ཡིན་དུས་ལམ་ལུགས་འདི་ཉིད་མ་འོངས་པར་བོད་གངས་རིའི་ལྗོངས་སུ་དར་ཁྱབ་ཡོང་ཐུབ་པའི་རེ་བ་དང་དམིགས་ཚད་འཛིན་དགོས་པ་འདི་ཡང་གལ་ཆེན་པོར་གྱུར་ཡོད།
མདོར་ན་བཙན་བྱོལ་དུ་གནས་པའི་དུས་ཡུན་རིང་མང་གཙོའི་ལམ་ལུགས་འདི་ཉིད་གལ་ཆེན་པོ་ཡིན་པ་༧གོང་ས་མཆོག་གི་དགོངས་གཞི་ལྟར་ལགས་ཤིང་། མ་འོངས་པར་གཞིས་བྱེས་མཉམ་འཛོམས་ཡོང་བའི་སྐབས་ཀྱང་རང་དབང་མང་གཙོའི་སྤྱི་ཚོགས་ཚད་ལྡན་ཞིག་ཏུ་གོམ་ཁ་བསྒྱུར་ཐུབ་ན་མ་འོངས་པའི་བོད་དེ་ཞི་བདེ་དང་འཆམ་མཐུན་གྱི་ཐོག་ནས་མིག་དཔེར་འོས་པ་ཞིག་ཏུ་འགྱུར་ངེས་རེད། ད་ལྟ་བཙན་བྱོལ་བོད་མི་རྣམས་རང་དབང་མང་གཙོ་དར་ཁྱབ་ཆེ་ཤོས་ཀྱི་རྒྱལ་ཁབ་རྒྱ་གར་དང་། ཨ་རི། ཡུ་རོབ་སོགས་སུ་གནས་སྡོད་བྱས་ཡོད་པས། ཡུལ་ལུང་དེ་དག་གི་མང་གཙོའི་ལེགས་བྱང་དག་ལ་མིག་དཔེ་བལྟས་ནས་ལེགས་ཆ་བསྡུ་རུབ་བྱེད་ཆོག་ཆོག་ཅིག་ཏུ་གྱུར་ཡོད་པ་ནི། བཙན་བྱོལ་བོད་མི་རྣམས་ལ་མཚོན་ན་གོ་སྐབས་ཕུན་སུམ་ཚོགས་པ་ཞིག་ཏུ་གྱུར་ཡོད། མ་འོངས་པར་མང་གཙོའི་ལམ་ལུགས་ལ་སྦྱོང་བརྩོན་དང་། མང་གཙོའི་ལམ་ལུགས་ཀྱི་གོམས་གཤིས་ཚད་དང་ལྡན་པ་ཞིག་འཇགས་ཐུབ་པར་ཕྱོགས་གང་ཐད་ནས་དོ་སྣང་དང་འབད་བརྩོན་བྱེད་དགོས་པ་དེ་འཕྲལ་ཕུགས་གང་ཐད་ནས་ཁ་ཚ་དགོས་གཏུག་ཅིག་ཏུ་གྱུར་ཡོད་སྙམ།།