མང་གཙོ་ཚོགས་པའི་གྲོས་ཚོགས་གོང་མའི་འོས་མིར་རྒྱལ་ཁ་ཐོབ་འདུག 

ཟླ་༡༢ པའི་ཚེས་༦ ཉིན་ཨ་རིའི་མངའ་སྡེ་རྗོརརྗི་ཡའི་གྲོས་ཚོགས་གོང་མའི་འཐུས་མི་ཆེད་དུ་མཐའ་མའི་འོས་བསྡུ་བྱས་འདུག་པ་དང་། གྲུབ་དོན་དུ་མང་གཙོ་ཚོགས་པའི་འོས་མི་ད་ཡོད་གྲོས་ཚོགས་གོང་མའི་འཐུས་མི་རཱ་ཧྥེལ་ཝར་ནོག་ལ་རྒྱལ་ཁ་བསྐྱར་དུ་ཐོབ་འདུག 

དེ་ཡང་ཟླ་༡༡ པའི་ཚེས་༨ ཉིན་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀྱི་བར་མའི་འོས་བསྡུ་དང་། དེ་བཞིན་མངའ་སྡེ་དང་གྲོང་ཁྱེར་ཁག་གི་སྲིད་སྐྱོང་སོགས་ཀྱི་འོས་བསྡུ་བྱས་ཡོད་པ་རེད། སྐབས་དེར་མངའ་སྡེ་རྗོར་རྗེ་ཡི་གྲོས་ཚོགས་གོང་མའི་འཐུས་མིའི་འོས་མི་གཉིས་ཀར། དགོས་ངེས་ཀྱི་འོས་གྲངས་བརྒྱ་ཆ་༥༠ ཐོབ་མེད་པས། ཟླ་༡༢ པའི་ཚེས་༦ ཉིན་ཁོ་གཉིས་བར་མཐའ་མའི་འོས་བསྡུ་བྱས་ཏེ་མང་གཙོ་ཚོགས་པའི་གྲོས་ཚོགས་གོང་མའི་འཐུས་མི་རཱ་ཧྥེལ་ཝར་ནོག་ལ་རྒྱལ་ཁ་བསྐྱར་དུ་ཐོབ་ནས། ལོ་རྗེས་མའི་གྲོས་ཚོགས་གོང་མ་གསར་པ་ནང་དུ་མང་གཙོ་ཚོགས་པའི་འཐུས་མི་༥༡ ཆགས་ནས་རྒྱལ་ཁ་ཆེན་པོ་ཐོབ་པ་ཡིན་འདུག དེ་ལ་བརྟེན་ནས་གྲོས་ཚོགས་ཀྱི་ལས་དོན་མང་པོ་ཞིག་གི་ཐོག་ཏུ་མང་གཙོ་ཚོགས་པར་དབང་ཚད་ཆེ་རུ་འགྲོ་རྒྱུ་རེད་འདུག དེ་བཞིན་ཆེས་མཐོའི་ཁྲིམས་ཞིབ་ཁང་དུ་གུ་ཡངས་ཀྱི་ལྟ་བ་འཛིན་མཁན་ཁྲིམས་དཔོན་བསྐོ་གཞག་བྱེད་རྒྱུར་ཡང་ཕན་ཐོགས་ཡོང་རྒྱུ་རེད་འདུག

ཐེངས་འདིའི་ཨ་རིའི་བར་མའི་འོས་བསྡུ་སྐབས་སུ། དོ་སྣང་ཤུགས་ཆེ་ཤོས་ཤིག་མངའ་སྡེ་རྗོར་རྗེ་ཡ་ཐོག་ཏུ་བྱས་ཡོད་འདུག་པ་དང་། མངའ་སྡེ་དེ་ནས་མང་གཙོ་ཚོགས་པའི་གྲོས་ཚོགས་གོང་མའི་འོས་མིར་རྒྱལ་ཁ་ཐོབ་ནས། སྲིད་འཛིན་ཟུར་པ་ཊོམ་གྱིས་རྒྱབ་སྐྱོར་ཤུགས་ཆེན་བྱེད་ཡུལ་སྤྱི་མཐུན་ཚོགས་པའི་འོས་མི་ཧེར་ཤེལ་ཝོག་ཀེར་ལ་ཕམ་ཁ་བྱུང་ཡོད་པས། ཐེངས་འདིའི་འོས་བསྡུར་ཊོམ་གྱིས་རྒྱབ་སྐྱོར་བྱེད་ཡུལ་འོས་མི་མང་པོ་ཞིག་ལ་ཕམ་ཁ་བྱུང་ཡོད་འདུག 

དེ་ཡང་བར་མའི་འོས་བསྡུའི་སྔོན་དུ་དཔྱད་བརྗོད་པ་མང་པོ་ཞིག་གིས། མང་ཚོགས་ནང་ཨ་རིའི་སྲིད་འཛིན་རྗོ་བྷའེ་ཌན་ལ་རྒྱབ་སྐྱོར་བྱེད་མཁན་ཉུང་དུ་ཕྱིན་པ་དང་། འཚོ་བའི་རིན་གོང་མཐོ་རུ་ཕྱིན་པ། དེ་བཞིན་ཨ་རིའི་མངའ་སྡེ་མང་པོ་ཞིག་གི་ནང་དུ་སྤྱི་མཐུན་ཚོགས་པའི་སྟངས་འཛིན་འོག་ཡོད་པའི་མངའ་སྡེའི་གྲོས་ཚོགས་ཁག་གིས། ས་གནས་དང་རྫོང་སོགས་ཀྱི་ས་ཁྲ་བསྐྱར་བཅོས་བྱས་པ་སོགས་ལ་བརྟེན་ནས་འོས་བསྡུར་ཤུགས་རྐྱེན་ཐེབས་ནས་སྤྱི་མཐུན་ཚོགས་པར་རྒྱལ་ཁ་ཆེན་པོ་འཐོབ་རྒྱུའི་ཚོད་དཔག་བྱས་ཡོད་ཀྱང་། གྲུབ་འབྲས་དེ་འདྲ་བྱུང་མེད་པ་རེད་འདུག སྤྱི་མཐུན་ཚོགས་པར་གྲོས་ཚོགས་འོག་མའི་ནང་མང་མོས་ཀྱི་རྒྱལ་ཁ་ཐོབ་ཙམ་བྱུང་ཡོད་ཁར། གྲོས་ཚོགས་གོང་མའི་ནང་དུ་ཕམ་ཁ་བྱུང་ཡོད་པ་རེད་འདུག འོན་ཀྱང་གྲོས་ཚོགས་འོག་མའི་ནང་མང་མོས་ཀྱི་རྒྱལ་ཁ་ཐོབ་པར་བརྟེན་ལོ་གཉིས་རིང་། སྲིད་འཛིན་རྗོ་བྷའེ་ཌན་གྱི་ཁྲིམས་འཆར་ལས་དོན་སོགས་མང་པོ་ཞིག་བཀག་འགོག་བྱེད་ཐུབ་ཀྱི་ཡོད་འདུག དེ་བཞིན་གྲོས་ཚོགས་འོག་མའི་ནང་སྤྱི་མཐུན་ཚོགས་པར་རྒྱལ་ཁ་ཐོབ་པར་བརྟེན། ཚོགས་གཙོ་ཡང་སྤྱི་མཐུན་ཚོགས་པའི་འགོ་ཁྲིད་ཆགས་རྒྱུ་རེད་འདུག དེའི་ཐོག་གྲོས་ཚོགས་འོག་མའི་ཚོགས་ཆུང་ཁག་གི་ཚོགས་གཙོ་ཡང་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་ཚོ་ཆགས་རྒྱུ་ཡིན་འདུག

ཐེངས་འདིའི་འོས་བསྡུར་མངའ་སྡེ་ཞིག་གི་སྲིད་སྐྱོང་ལ་མི་རིགས་ནག་པོ་ཞིག་ཐོག་མར་རྒྱལ་ཁ་ཐོབ་པ། དེ་བཞིན་མངའ་སྡེ་གཞན་ཞིག་གི་སྲིད་སྐྱོང་ལ་བུད་མེད་དང་མཚན་མཐུན་དགའ་རོགས་བྱེད་མཁན་ཞིག་ཐོག་མར་རྒྱལ་ཁ་ཐོབ་པ། དེ་བཞིན་རང་ལོ་༢༥ ཡིན་པའི་མི་ཞིག་གྲོས་ཚོགས་སུ་འདེམས་ཐོན་ཐོག་མར་བྱུང་བ་སོགས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་མང་པོ་ཞིག་བཞག་ཐུབ་པ་བྱུང་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ། 

Share this:

Leave a Reply